༉ དར་དཀར་ནང་གི་ རྒེད་འོག་ཚུ་གི་གྲས་ལས་ མཐར་ཟུར་དེ་ར་ རྡོ་རོ་ནང་རྒེད་འོག་ཨིནམ་ད་ རྒེད་འོག་དེ་ནང་ སོ་ནམ་ཞིང་ལམ་མཐུད་སྦྲེལ་འབད་དེ་ཡོད་རུང་ གནམ་བྱཱར་ཆརཔ་རྐྱབ་པའི་དུས་ཚོད་ཁར་ སྣུམ་འཁོར་མ་ཐལ་ནི་དེ་གིས་ རྐང་ལམ་བདའ་སྟེ་ ལམ་འགྱོ་དགོཔ་ཐོན་དོ་ཡོདཔ་ཨིན་པས།
དེ་འབད་ནི་འདི་གིས་ ས་གནས་ཀྱི་མི་སེར་ཚུ་གིས་ གནམ་བྱཱར་ཆརཔ་རྐྱབ་ནི་ འགོ་མ་བཙུགས་པའི་ཧེ་མ་ལས་ ཟླཝ་༤ དང་༥ དེ་ཅིག་ལང་ཚུགས་པའི་ གཉེར་ཚང་ཚུ་ མཁོ་སྒྲུབ་འབད་དེ་ བཞག་དོ་ཡོདཔ་ཨིན་པས།
ས་གནས་ནང་ སྐྱེས་ལོ་༦༦ ལང་མི་ བཱལ་བྷ་དུར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྡོ་རོ་ནང་རྒེད་འོག་ལྟེ་བའི་ལམ་དེ་ རྩི་ནག་བཏང་སྟེ་ ལེགས་ཤོམ་ཡོད་དེ་འབད་རུང་ དར་དཀར་དཔལ་ལ་དང་ གེ་སར་གླིང་གི་ འཁོར་ལམ་དེ་ ལེགས་ཤོམ་མེདཔ་ལས་ ཕན་ཐོགས་མིན་འདུག་ཟེར་ཨིན་པས།
རྒེད་འོག་ནང་འཁོད་ལུ་ འགྲོ་འགྲུལ་འབདཝ་ད་ སྟབས་བདེ་ཏོག་ཏོ་ཡོད་རུང་ ཉོ་ཚོང་ག་ར་ དར་དཀར་དཔལ་ལ་ལས་ རྐྱབ་དགོ་ནི་དེ་གིས་ གེ་སར་གླིང་གི་ འཁོར་ལམ་ལེགས་ཤོམ་མེད་པའི་བསྒང་ལས་ མི་སེར་ཚུ་ ཅ་ཆས་སྐྱེལ་འདྲེན་འབད་ནི་ལུ་ སྟབས་མ་བདེཝ་སྦོམ་སྦེ་ར་ ཐོནམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལོ་༢ དེ་ཅིག་གི་ཧེ་མར་ ས་གནས་ནང་ གནམ་བྱཱར་ཆརཔ་ཤུགས་སྦེ་རྐྱབ་མི་དེ་གིས་ སྣུམ་འཁོར་མ་ཐལ་བའི་དཀའ་ངལ་བྱུང་སྟེ་ དགོས་མཁོ་ཆེ་བའི་ སྐྱ་ནམ་ཚུ་ ས་གནས་ནང་ སྐྱེལ་འདྲེན་འབད་མ་ཚུགས་པའི་ཁར་ ནིམ་ཏོ་ལ་སློབ་གྲྭའི་ སློབ་ཕྲུག་ཚུ་གི་དོན་ལུ་ བཟའ་འཐུང་གི་རིགས་ཚུ་ཡང་ གནམ་གྲུ་ནང་ བསྐྱལ་དགོཔ་བྱུང་ཡི་ཟེར་ སླབ་ཨིན་པས།
ཨིན་རུང་ ད་ལྟོ་ཚུན་ཚོད་ དར་དཀར་དཔལ་ལ་ལས་ གེ་སར་གླིང་ཚུན་ཚོད་ཀྱི་ རྒེད་འོག་ལྟེ་བའི་ལམ་ཚུ་ རྩི་ནག་གཏང་མ་ཚུགས་པར་ ལུས་མི་དེ་ དར་དཀར་དཔལ་ལ་ལས་ དཱལ་བ་རི་གི་གཞུང་ལམ་ནང་ ཚུད་ནི་དེ་གིས་ཨིནམ་ད་ ཨིན་རུང་ གཞུང་ལམ་དེ་ སང་ཕོད་མཇུག་བསྡུ་ནིའི་ལོ་རྒྱུས་ཡོདཔ་ལས་ དེ་བསྒང་ལས་ གནས་སྟངས་ཚུ་ ལེགས་ཤོམ་འགྱོ་བའི་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
དར་དཀར་དཔལ་ལ་ལས་ དཱལ་བ་རི་གི་གཞུང་ལམ་དེ་ ལས་འགུལ་མདོ་ཆེན་གྱིས་འབད་བ་ཅིན་ སྤྱི་ལོ་༢༠༡༩ གི་ ཟླཝ་དང་པའི་ནང་ མཇུག་བསྡུ་ཚུགསཔ་སྦེ་ འབད་ནི་ཟེར་ཨིན་པས།
རྡོ་རོ་ནང་གི་ མི་སེར་སོ་ནམ་པ་ མང་ཤོས་ཅིག་གིས་ ཁོང་རའི་ སོ་ནམ་ཐོན་སྐྱེད་ ཨ་ལཱན་ཅི་བཙོང་ཞིནམ་ལས་ འོང་འབབ་ཐོབ་མི་དེ་གིས་ ལོ་གཅིག་ལང་ཚུགས་པའི་ གཉེར་ཚང་ཚུ་ མཁོ་སྒྲུབ་འབད་དེ་ བཞག་དོ་ཡོདཔ་ཨིན་པས།
ས་གནས་ནང་ལས་ སྒྲོལ་མ་གིས་འབད་བ་ཅིན་ ལོ་གཅིག་ལང་ཚུགས་པའི་ ཆུམ་ཉོ་བཞག་པའི་སྐབས་ ཡུན་རིང་འགྱོཝ་ད་ མི་ཞིམ་པས་ཟེར་ཨིནམ་ད་ ཨིན་རུང་ ལམ་གྱི་སྟབས་མ་བདེཝ་དང་ གནམ་གཤིས་ཀྱི་སྟབས་མ་བདེཝ་ལས་བརྟེན་ དེ་སྦེ་མ་བཞག་པར་ ཐབས་མིན་འདུག་ཟེར་ཨིན་པས།
རྡོ་རོ་ནང་དེ་ ཁྲོམ་ལས་ ས་ཐག་རིང་མི་ལུ་བརྟེན་ མི་སེར་མང་ཤོས་ཅིག་གིས་ གནམ་དགུན་ལས་ར་ ཁོང་རའི་ དགོས་མཁོ་ཡོད་མི་ ཅ་ཆས་ཚུ་ མ་ལང་ལངམ་སྦེ་ མཁོ་སྒྲུབ་འབད་དེ་ བཞག་དོ་ཡོདཔ་ཨིན་པས།
མི་སེར་ཚུ་གིས་ སླབ་མིའི་ནང་ ལོ་གཅིག་གི་ཤུལ་ལུ་ གཞུང་ལམ་དང་ མཐུད་སྦྲེལ་འབད་ཚུགས་པའི་ ལོ་རྒྱུས་གོ་ནི་དེ་གིས་ སེམས་དགའ་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ དར་དཀར་དཔལ་ལ་ལས་ དཱལ་བ་རི་གི་ གཞུང་ལམ་མཐུད་སྦྲེལ་འབད་ཚར་བའི་ཤུལ་ལས་ ཁོང་གིས་ ཅ་ཆས་ཚུ་ ལྷ་མོའི་རྫིང་ཁ་ལས་ ཉོ་བར་འགྱོ་རུང་ སྟབས་བདེ་ཏོག་ཏོ་ འོང་ནི་མས་ཟེར་ཨིན་པས།
ད་ལྟོ་ ས་གནས་ཀྱི་ མི་སེར་མང་ཤོས་ཅིག་ འཚོ་བ་སོ་ནམ་ལུ་ བརྟེན་སྡོད་དོ་ཡོད་པའི་གནས་ཚུལ།
ཡེ་ཤེས་སྒྲོལ་མ།