༉ ད་རེས་ གནམ་བྱཱར་གྱི་དུས་ཚོད་ལུ་ ཆརཔ་ཤུགས་སྦེ་རྐྱབ་ནི་དེ་གིས་ རྟ་མགྲིན་བུ་དར་གྱི་ ཁྱིམ་ཐོག་ལས་ ཆརཔ་འཛག་དོ་ཡོདཔ་ཨིན་རུང་ མོ་གིས་ ཨ་རྟག་ར་ ཁྱིམ་ཚང་ཚུ་ལས་ འཐུང་ཆུ་ལྷང་དོ་ཡོདཔ་ཨིན་པས།
སྤུ་ན་ཁ་ གུང་ཁྲ་མོ་གཡུས་ཚན་ལས་ སྐྱེས་ལོ་༤༧ ལང་མི་ རྟ་མགྲིན་བུ་དར་གྱིས་ ཁྱིམ་ཚང་ཚུ་ལས་ ཆུ་ལྷང་འཐུང་སྟེ་ དུས་ཅི་འབདཝ་ད་ ལོ་༣ དེ་ཅིག་ལང་ཡོདཔ་ད་ མོ་ལུ་ དཀའ་ངལ་བྱུང་དོ་བཟུམ་སྦེ་ གཡུས་ཚན་ནང་ ཁྱིམ་གུང་པ་༡༣ ལུ་ཡང་ བྱུང་ནུག།
གལ་སྲིད་ གཡུས་ཚན་དེ་ནང་ ཆརཔ་བསྡུ་ལེན་འབད་དེ་ འཐུང་བཏུབ་བཟོ་བ་ཅིན་ གཡུས་ཚན་གྱི་མི་ཚུ་ལུ་ འཐུང་ཆུ་མ་ལང་པའི་ དཀའ་ངལ་མི་འཐོན་ནི་ཨིནམ་ད་ ད་རེས་ འཐུང་ཆུ་མེད་མི་དེ་ཡང་ ཆུ་རྐ་ཚུ་ སྐམ་འགྱོ་ནི་དེ་གིས་ ཨིན་པས།
རྟ་མགྲིན་བུ་དར་གྱིས་ སླབ་མིའི་ནང་ ཆརཔ་བཟེད་ཐོག་ལས་ ཆུ་འཐུང་བཏུབ་པའི་ ལས་འགུལ་ཡོད་པའི་སྐོར་ལས་ ཧ་མ་གོ་ཟེར་ཨིནམ་ད་ རེ་གཉིས་ཀྱིས་ཤེས་རུང་ འཕྲུལ་ཆས་གཞི་བཙུགས་འབད་ནི་དེ་ ཟད་འགྲོ་སྦོམ་གནས་དོ་ཨིནམ་ལས་ འགོ་བཙུགས་མ་ཚུགས་པས།
ལོ་བསྟར་བཞིན་དུ་ གནམ་བྱཱར་ལུ་ ཆརཔ་རྐྱབ་དོ་བཟུམ་སྦེ་ དུས་ཅི་ཡང་ ཆརཔ་ཤུགས་སྦེ་ རྐྱབ་ཡོདཔ་བཞིན་དུ་ འདས་པའི་བདུན་ཕྲག་༢ ཀྱི་ནང་འཁོད་ལུ་ རྒྱལ་ཁབ་ནང་ ཆརཔ་མི་ལི་མི་ཊར་༤,༦༥༤.༩ རྐྱབ་མི་དེ་ གལ་སྲིད་ འཐུང་བཏུབ་བཟོ་བ་ཅིན་ མི་ལེ་ཤ་ཅིག་ལུ་ ལང་ཚུགས་ནི་ཨིན་པས།
འཐུང་ཆུ་མེད་པའི་དཀའ་ངལ་དེ་ རྒྱལ་ཁབ་ཀྱི་ རྫོང་ཁག་༢༠ མང་ཤོས་ཅིག་དང་ ཁྲོམ་ཚུ་ནང་ཡང་ཡོད་རུང་ དཀའ་ངལ་སེལ་མ་ཚུགས་པར་ཡོད་མི་དེ་ ཆར་ཆུ་འཐུང་བཏུབ་པའི་ ལམ་ལུགས་ཅིག་བཟོ་བ་ཅིན་ གདོང་ལེན་འབད་ཚུགས་པའི་ གོ་སྐབས་ཡོདཔ་ད་ མི་ཚུ་གིས་འབད་རུང་ གཞུང་གིས་ ཆརཔ་འཐུང་བཏུབ་པའི་ལས་འགུལ་ གཞི་བཙུགས་འབད་བ་ཅིན་ མི་ཚུ་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ རྫོང་ཁག་༤ ནང་ ཆར་ཆུ་བསྡུ་ལེན་འབད་ཐོག་ལས་ འཐུང་བཏུབ་བཟོ་མི་དང་ ཆུ་འཛིན་སྐྱོང་འཐབ་ཐངས་ཀྱི་ལམ་ལུགས་ འགོ་བཙུགས་ནི་དེ་གིས་ གཡུས་ཚན་༣༦ གི་ འཐུང་ཆུ་མེད་པའི་དཀའ་ངལ་དེ་ སེལ་ཚུགས་ནུག།
ད་རེས་ གཡུས་ཚན་ཚུ་གི་ ཁྱིམ་གུང་པ་༡,༠༤༩ ལུ་ འཐུང་ཆུ་ལངམ་སྦེ་ཡོདཔ་མ་ཚད་ འཁྱུ་ནི་ཆུ་ཡང་ ལང་དོ་ཡོདཔ་ལས་ ཕན་ཐོགས་སྦོམ་བྱུང་ནུག།
མོང་སྒར་སྐྱེངས་མཁར་ལུ་ ཁྱིམ་གུང་པ་༥༤ ལུ་ འཐུང་ཆུའི་རྐ་འགོ་སྐམ་སྟེ་ ཆུ་རྩ་ལས་མེདཔ་ཐལ་མི་དེ་ གཞི་ཚོགས་ཀྱིས་ ཆརཔ་བསྡུ་ལེན་འབད་ཐོག་ལས་ འཐུང་བཏུབ་པའི་ ལས་རིམ་འགོ་བཙུགས་མི་དེ་གིས་ འཐུང་ཆུ་མེད་པའི་དཀའ་ངལ་ སེལ་ཚུགས་ནུག།
ལས་འགུལ་དེའི་ཐོག་ལུ་ གཞི་ཚོགས་ཀྱིས་ ཁྱིམ་ཐོག་གི་ ཆུ་གཡུར་གནམ་གཟར་དང་ ཆུ་དུང་ དེ་ལས་ ཆུ་མཛོད་རྐྱབ་ནིའི་དོན་ལུ་ བཟོ་སྐྲུན་ཅ་ཆས་ཚུ་ བཀྲམ་སྤེལ་འབད་ནི་དེ་གིས་ ཆར་ཆུ་སྐམ་པའི་དུས་ཚོད་ལུ་ ཆརཔ་བཟེད་མི་དེ་ འཐུང་བཏུབ་སྦེ་བཟོ་ནུག།
གཞི་ཚོགས་ཀྱི་ ལས་འགུལ་འགོ་དཔོན་ འཇམ་དབྱངས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ སྐྱེངས་མཁར་ལུ་ འཛམ་གླིང་ཚ་དྲོད་ ཡར་འཕར་ལུ་བརྟེན་ འཐུང་ཆུ་སྐམ་སྟེ་ ཆུ་རྩ་ལས་མེད་པའི་དཀའ་ངལ་དེ་ ཆརཔ་བསྡུ་ལེན་འབད་དེ་ འཐུང་ནིའི་ལས་འགུལ་གྱིས་ ཕན་ཐོགས་བྱུང་ཡི་ཟེར་ཨིན་པས།
ལས་འགུལ་གྱི་ཐོག་ལས་ བསམ་རྩེ་དང་ རྩི་རང་ དེ་ལས་ པདྨ་དགའ་ཚལ་ལུ་འབད་བ་ཅིན་ ཆུ་དུང་དང་ ཆུ་མཛོད་རྐྱབ་ནིའི་ཅ་ཆས་ལུ་ རྒྱབ་སྐྱོར་འབད་ཡོདཔ་མ་ཚད་ མི་ཚུ་ལུ་ ཆུ་རྐ་ཉམས་སྲུང་དང་ ཆུ་འཛིན་སྐྱོང་འཐབ་ཐངས་ ཆུ་བགོ་བཤའ་རྐྱབ་ཐངས་ དེ་ལས་ ཆུ་ལག་ལེན་འཐབ་ཐངས་ཚུ་གི་ སྦྱོང་བརྡར་དང་ གོ་བ་བརྡ་སྤྲོད་ཡང་ འབད་ནི་དེ་གིས་ ཕན་ཐོགས་བྱུང་ནུག།
ཏཱ་ར་ཡ་ན་གཞི་ཚོགས་ཀྱིས་ འགོ་འདྲེན་འཐབ་མི་ ལས་རིམ་དེ་ འཛམ་གླིང་སྤྱི་ཚོགས་གོང་འཕེལ་ལས་འགུལ་ ཇེཕ་ཟེར་མི་གིས་ མ་དངུལ་གྱི་ རྒྱབ་སྐྱོར་ཐོག་ལས་ཨིནམ་ད་ མ་དངུལ་དེ་ རང་བཞིན་མཐའ་འཁོར་ལྷན་ཚོགས་བརྒྱུད་དེ་ རྒྱབ་སྐྱོར་འབད་དོ་ ཡོདཔ་ཨིན་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།