ལྕང་ལཱ་རྐྱབ་ནིའི་དོན་ལས་ ཆར་ཆུ་ལུ་བརྟེན་དགོ་མི་ ཕངས་ཡུལ་རྒེད་འོག་གི་ ཆུ་ཞིང་ཚུ།

ཆར་ཆུ་དཀོན་ནི་དེ་གིས་ ཕངས་ཡུལ་རྒེད་འོག་ནང་ ལྕང་ལཱ་རྐྱབ་མ་ཚུགས་པའི་དཀའ་ངལ།

༉ དབང་འདུས་ཕོ་བྲང་ ཕངས་ཡུལ་རྒེད་འོག་གི་ སོ་ནམ་པ་ཚུ་ ལྕང་ལཱ་རྐྱབ་ནིའི་དོན་ལས་ ཆརཔ་ལུ་བསྒུགས་ཏེ་ ཟླཝ་༡ དེ་ཅིག་ལང་ཡོད་རུང་ ད་ལྟོའི་བར་ན་ཡང་ ཆརཔ་རྐྱབ་མ་བཏུབ་ནི་དེ་གིས་ ལྕངམ་ཚུ་ སྐམ་འགྱོ་དོ་ཡོདཔ་ཨིན་པས།
ཕངས་ཡུལ་དེ་ རྫོང་ཁག་དེ་ནང་ རེད་རྒྱ་ཆེ་དྲགས་སྦེ་ ཐོན་སྐྱེད་འབད་མི་ རྒེད་འོག་ཅིག་ཨིན་རུང་ ལོ་བསྟར་བཞིན་དུ་ ལྕང་ལཱ་རྐྱབ་ནིའི་དོན་ལས་ ཆར་ཆུ་ལུ་ བརྟེན་སྡོད་དགོཔ་ཐོན་མི་དེ་ཡང་ ཞིང་ཆུ་མེད་མི་ལུ་བརྟེན་ཨིན་པས།
ད་རེས་ སོ་ནམ་པ་ཚུ་གིས་ ཁོང་རའི་ ཞིང་ཚུ་རྨོ་སྟེ་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ གྲ་སྒྲིག་འབད་ཡོདཔ་ཨིན་རུང་ ཆརཔ་མེད་མི་ལུ་བརྟེན་ སོ་ནམ་ཚུ་ དབུགས་འགམ་སྟེ་ཡོདཔ་ད་ མ་གཞི་ ལྕང་ལཱ་དེ་ ཟླཝ་༤ པ་དང་༥ ལས་ འགོ་བཙུགས་དོ་ཡོདཔ་ཨིན་པས།
སོ་ནམ་པ་ རྣམ་རྒྱལ་བཟངམོ་གིས་ སླབ་མིའི་ནང་ རེད་ཀེ་ཇི་༢༨༠ དེ་ཅིག་ བཏབ་ཐོག་ལས་ ལྕང་སོན་བཟོ་མི་དེ་ སྐམ་འགྱོ་དོ་ཟེར་ཨིནམ་ད་ གལ་སྲིད་ ད་རེས་ཀྱི་ བདུན་ཕྲག་ནང་ ཆརཔ་མ་རྐྱབ་པ་ཅིན་ ལྕངམ་ག་ར་སྐམ་སྟེ་ ལྕང་ལཱ་རྐྱབ་མ་ཚུགས་པའི་ ཚ་གྱང་ཡོད་ཟེར་ཨིན་པས།
ལྕང་ཞིང་ཚུ་ནང་ ཆུ་དཔག་ནིའི་དོན་ལུ་ ཐབས་ཤེས་བཏོན་ནིའི་ གོ་སྐབས་མེད་མི་དེ་ཡང་ ཞིང་ཆུ་རྩ་ལས་མེདཔ་མ་ཚད་ འཐུང་ཆུ་ཡང་ ཆུང་ཀུ་ཅིག་ལས་བརྒལ་ མེད་ནི་དེ་གིས་ཨིན་པས།
སྐྱེས་ལོ་༦༦ ལང་མི་ རྣམ་རྒྱལ་བཟངམོ་གིས་ སླབ་མིའི་ནང་ རྒེད་འོག་ནང་ ཞིང་ཆུ་མེད་པའི་དཀའ་ངལ་དེ་ དང་ཕུ་ ཕམ་ཚུ་གི་སྐབས་ལས་ར་ འདུག་ཟེར་ཨིན་པས།
དུས་ཚོད་ཁར་ ཆརཔ་མ་རྐྱབ་ནི་དེ་གིས་ ལྕང་ལཱ་རྐྱབ་མ་ཚུགས་པར་ ཆུ་ཞིང་སྟོངམ་སྦེ་ར་ ལུས་དོ་ཡོདཔ་ལས་ གཡུས་མི་མང་ཤོས་ཅིག་ར་ རྒྱ་ཆུམ་ཉོ་ཟ་དགོཔ་ ཐོན་དོ་ཡོདཔ་ཨིན་པས།
མ་གཞི་ དབང་འདུས་ཕོ་བྲང་ལུ་ ཆུ་ཞིང་ཨེ་ཀར་༡༠,༣༧༩.༧ ཡོད་རུང་ ཆུ་ཞིང་ག་ར་ ལྕང་ལཱ་རྐྱབ་མ་ཚུགས་ནི་དེ་གིས་ ཆུ་ཞིང་ཨེ་ཀར་༤༨༢ དེ་ཅིག་ སྟོངམ་སྦེ་ལུས་མིའི་གྲས་ལས་ཡང་ མཐོ་ཤོས་ར་ ཕངས་ཡུལ་དང་ རུལ་སྦིས་ས་རྒེད་འོག་༢ ནང་ ཨིན་པས།
སྤྱིར་བཏང་ ལྕང་ལཱ་དེ་ ཟླཝ་༥ པ་ མཇུག་བསྡུ་ཁམས་ཅིག་ཁར་ རྐྱབ་ཚར་དགོཔ་ཨིན་རུང་ ཕངས་ཡུལ་རྒེད་འོག་ནང་ ཟླཝ་༥ པའི་ནང་ཡང་ རྐྱབ་མི་ཚུགས་དོ་ཡོདཔ་ད་ ད་རེས་སྐབས་ཅིག་ རྒེད་འོག་དེ་ནང་ ཉིམ་ཤར་ཏེ་ར་ སྡོདཔ་ཨིན་པས།
སོ་ནམ་པ་ མང་ཤོས་ཅིག་གིས་ སླབ་མིའི་ནང་ རང་ཟླ་༦ པའི་ཚེས་༡༠ གྱི་ནང་འཁོད་ལུ་ ལྕང་ལཱ་ཚུ་ མཇུག་བསྡུ་དགོ་ཟེར་ཨིནམ་ད་ དེའི་ཤུལ་ལས་ ལྕང་ལཱ་རྐྱབ་རུང་ འབྱ་ལེགས་ཤོམ་སྦེ་ འཚོ་མི་བཏུབ་དོ་ཡོདཔ་ལས་ ལཱ་འབད་རུང་ ཁུངས་མེད་ཟེར་ཨིན་པས།
རྒེད་འོག་དེ་ནང་ ཞིང་ཆུའི་རྐ་ཡང་ ལེགས་ཤོམ་ཅིག་མེདཔ་ལས་ རྒེད་འོག་བདག་སྐྱོང་གིས་ ཀ་བཞི་དང་ ཕངས་ཡུལ་གྱི་ ཉེ་འདབས་ལས་འབབ་མི་ སྦས་ཆུ་དེ་ འཐེན་ནིའི་དཔའ་བཅམ་རུང་ གྲུབ་འབྲས་ཐོན་ མ་ཚུགས་པས།
དེ་ཡང་ རོང་ཆུ་དེ་ འཐེན་པའི་སྐབས་ ཀ་བཞི་གཡུས་ཚན་བརྒྱུད་དེ་ འོང་དགོ་མི་ལུ་བརྟེན་ གཡུས་མི་ཚུ་གིས་ ཁོང་གི་ས་ཁོངས་བརྒྱུད་དེ་ ཆུ་འཐེན་ནིའི་གནང་བ་ བྱིན་མ་བཏུབ་པས།
གནད་དོན་དེའི་དོན་ལུ་ རྫོང་ཁག་བདག་སྐྱོང་དང་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ཐབས་ཤེས་བཏོན་རུང་ གྲུབ་འབྲས་བཏོན་མ་ཚུགསཔ་ལས་ མི་སེར་ཚུ་གིས་ ལྕང་ལཱ་རྐྱབ་ནིའི་དོན་ལུ་ ངེས་པར་དུ་ཆརཔ་ལུ་ར་ བརྟེན་སྡོད་དགོཔ་ འཐོན་ནི་ཨིན་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

About admin

Check Also

སྤྱི་གཡོགཔ་ཚུ་ གནས་སོར་དང་ དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་འདྲ་མཉམ་སྦེ་ འཐོབ་ཚུགས་ནི།

༉ ཧེ་མར་ སྤྱི་གཡོགཔ་ཚུ་ གནས་སོར་དང་དགོངས་ཞུའི་སྐབས་ སྒེར་དོན་ཅ་ཆས་སྐྱེལ་འདྲེན་གྱི་ གླ་ཆ་ཚུ་ གནས་རིམ་དང་འཁྲིལ་ཏེ་ མ་འདྲཝ་སྦེ་ ཐོབ་དོ་ཡོད་མི་དེ་ ད་ལས་ཕར་ ཤོ་མཚུངས་སྦེ་ འཐོབ་ཚུགས་ནི་ཨིན་པས།དེ་ཡང་ རྒྱལ་ཡོངས་ཚོགས་འདུའི་ནང་ འབྲུག་གི་དངུལ་ཕོགས་སྒྲིག་བཀོད་གཞི་སྒྱུར་དཔྱད་ཡིག་༢༠༢༢ ཅན་མའི་གུ་ …

Leave a Reply

Your email address will not be published. Required fields are marked *