ཆང་འཐུང་མི་ སློབ་ཕྲུག་གི་གྱངས་ཁ་ ཡར་སེང་སོང་མི་དེ་ ཚ་གྱང་ལང་བའི་གཞི་གནད།

༉ གཞུང་གི་ཁ་ཐུག་ལས་ ང་བཅས་རའི་ རྒྱལ་ཁབ་ནང་འཁོད་ཀྱི་སློབ་གྲྭ་ཚུ་ ཚད་འཛིན་ཅན་གྱི་ ཆང་དང་ཏམ་ཁུ་དང་ བཀག་དམ་ཅན་གྱི་ སྨྱོ་རྫས་ལ་སོགས་པ་ཚུ་ སྤྱོད་ནི་ལས་ ཉེན་སྲུང་གི་ཐབས་ལམ་ཚུ་ ག་དེམ་ཅིག་ར་ བཏོན་ཏེ་འབད་རུང་ ང་བཅས་རའི་ སློབ་ཕྲུག་ཚུ་གིས་ ཁྲིམས་ལུ་གནས་མ་བཏུབ་པའི་ གནད་དོན་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་བའི་ མངོན་གསལ་བྱུངམ་ཨིན་མས།
གཅིག་ལས་བལྟ་བ་ཅིན་ སློབ་ཕྲུག་ཚུ་གིས་ ཁྲིམས་ལུ་གནས་མ་བཏུབ་པའི་ གདོང་ལེན་བྱུང་མི་དེ་ཡང་ སྤྱིར་བཏང་ཆང་དང་ཏམ་ཁུ་ དེ་ལས་ སྨྱོ་རྫས་ཀྱི་ཐོན་སྐྱེད་ཚུ་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཁྲིམས་སྒྲིང་སྒྲི་སྦེ་ ལག་ལེན་འཐབ་རུང་ འཇམ་ཏོང་ཏོ་སྦེ་ འཐོབ་ཚུགས་ནི་དེ་གིས་ཨིན་མས།
འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ནང་འཁོད་ཀྱི་ སློབ་ཕྲུག་ཚུ་གིས་ ཁོང་རའི་ སློབ་གྲྭ་གི་ ཉེ་འདབས་ལས་ཕར་ཡོད་མི་ ཚོང་ཁང་ཚུ་ནང་ ཆང་དང་ཏམ་ཁུ་དང་ སྨྱོ་རྫས་ཀྱི་སྐོར་ལས་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་པར་འགྱོ་བའི་སྐབས་ ཚོང་པ་ཚུ་གིས་ ཉན་ཁུག་བཏབ་ནི་བཟུམ་ཅིག་ མ་མཐོང་རུང་ གནོད་ཉེན་ཚུ་གི་སྐོར་ལས་ གོ་བརྡ་ཁ་གསལ་སྦེ་ར་ སྤྲོད་ནུག།
བཀག་འཛིན་ཅན་གྱི་ ཆང་དང་ཏམ་ཁུ་ དེ་ལས་ སྨྱོ་རྫས་ཀྱི་རིགས་སྤྱོད་མི་ སློབ་ཕྲུག་གི་གྱངས་ཁ་ ཡར་སེང་སོང་མི་ལུ་ལྟ་སྟེ་ སློབ་གྲྭའི་དབང་འཛིན་པ་ཚུ་ བཟོད་མ་ཚུགས་པའི་ ཚོར་སྣང་བྱུང་མི་དེ་ཡང་ སློབ་གྲྭའི་ཉེ་འདབས་ལས་ཕར་ཡོད་མི་ ཚོང་ཁང་ཚུ་གིས་ གཡང་ཟ་བག་ཟོན་མེད་པར་ ན་གཞོན་ཨ་ལོ་ཚུ་ལུ་ ཆང་དང་སྨྱོ་རྫས་ཚུ་ བཙོང་ནི་དེ་གིས་ཨིན་མས།
སྨྱོ་རྫས་དང་སེམས་ཁམས་འཁྲུག་རྫས་ཀྱི་ འགོ་དཔོན་དང་ སློབ་དཔོན་ཚུ་གིས་འབད་བ་ཅིན་ ཡིག་བསུབ་བསྲེས་ཆུ་དང་ ཆང་གི་རིགས་ཚུ་ ལག་ལེན་འཐབ་མི་ སློབ་ཕྲུག་གི་གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོཝ་མས་ཟེར་ཨིན་མས།
དེ་ཡང་ འཕྲལ་ཁམས་ཅིག་ཁར་ ཐིམ་ཕུག་ལུ་ སློབ་གྲྭ་གཅིག་ནང་གི་ སློབ་དཔོན་ཚུ་ རྣམ་རྟོག་ལང་དགོཔ་བྱུང་མི་དེ་ཡང་ སློབ་ཕྲུག་ཚུ་གིས་ འགྲན་བསྡུར་ཅིག་ནང་ལས་ རྒྱལ་ཁ་ཐོབ་མི་ དངུལ་རྐྱང་གསོལ་རས་དེ་གིས་ ཆང་ཉོ་སྟེ་ འཐུང་མི་ལུ་བརྟེན་ཨིན་མས།
འབྲུག་ལུ་ བཀག་དམ་ཅན་གྱི་སྨྱོ་རྫས་རིགས་དང་ ཆང་དང་ཏམ་ཁུའི་ ལག་ལེན་ཐོག་ལུ་ བརྟག་ཞིབ་ཅིག་འབད་མིའི་ནང་ སློབ་ཕྲུག་བུཚ་བརྒྱ་ཆ་༢ དང་ སློབ་ཕྲུག་བུམོ་བརྒྱ་ཆ་༠.༤ གིས་ ཆང་འཐུང་དོ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ད་ བརྟག་ཞིབ་གཞན་ཅིག་ནང་ སློབ་རིམ་༧ པ་དང་༨ པའི་སློབ་ཕྲུག་བརྒྱ་ཆ་༣༧ དང་ སློབ་རིམ་༩ པ་དང་༡༠ པའི་སློབ་ཕྲུག་བརྒྱ་ཆ་༤༨ ཀྱིས་ ཆང་འཐུང་བའི་ གྲུབ་འབྲས་ཐོན་མི་དེ་ ང་བཅས་རའི་ མི་སྡེ་ནང་ གནས་ཚུལ་ལེགས་ཤོམ་ཅིག་མེན་པས།
ལོ་ལེ་ཤ་ཅིག་འགོར་མི་ ཆང་མར་ཕབ་ཀྱི་ གཞི་རྩ་བཟོ་བའི་མཐའ་མར་ ད་རེས་ དམིགས་བསལ་དུ་ ཁྲོམ་ཚུ་ནང་སྡོད་མི་ ང་བཅས་རའི་ སློབ་ཕྲུག་ཚུ་གིས་ ཆང་འཐུང་མི་ལུ་ལྟཝ་ད་ སྲིད་བྱུས་ལག་ལེན་འཐབ་ནིའི་ནང་ འཐུས་ཤོར་བྱུང་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་མས།
རྒྱལ་ཁབ་ནང་ ཆང་ཁང་༥,༥༠༠ དེ་ཅིག་ཡོད་མི་ལས་ ཐིམ་ཕུག་རྐྱངམ་གཅིག་ནང་ར་ ཆང་ཁང་༡,༢༠༠ ལྷགཔ་ཅིག་ཡོད་མི་ལུ་ལྟཝ་ད་ ཆང་གི་ཆོག་ཐམ་གསརཔ་བྱིན་ནི་ མཚམས་འཇོག་འབད་མི་དེ་གིས་ ཆང་མར་ཕབ་རྐྱབ་ནིའི་ནང་ ཁྱད་པར་སྦོམ་ཅིག་ བཟོ་མི་ཚུགས་ནི་ཨིན་མས།
འབྲེལ་ཡོད་དབང་འཛིན་ཚུ་གིས་ སེམས་བག་ཡེངས་ཐོག་ལུ་སྡོད་པ་ཅིན་ ན་གཞོན་ཚུ་ ཆང་དང་སྨྱོ་རྫས་ལུ་ ལང་ཤོར་ཐལ་བཅུག་ནིའི་ ཉེན་ཁ་ཡོདཔ་ལས་ ལམ་ལུགས་དང་ ཁྲིམས་ལུགས་ཚུ་ སྣང་མེད་རྒྱབ་སྐྱུར་མ་བཞག་པར་ དོན་སྨིན་ཅན་སྦེ་ བསྟར་སྤྱོད་འབད་བ་ཅིན་ མཐར་འཁྱོལ་འབྱུང་མ་ཚུགས་པའི་ དཔེ་མི་སྲིད།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *