༉ སྤྱི་ཟླ་༨ པའི་ཚེས་༢༥ ལུ་ སྨན་རིགས་རྒྱུན་བཀོད་དབང་འཛིན་དང་ འབྲུག་སྨན་རིགས་དང་ གསོ་བའི་ཚོགས་སྡེ་༢ ཀྱིས་ ནང་པའི་སྨན་ཁང་གི་ དྲུང་འཚོ་རྟ་མགྲིན་ཕུརཔ་གིས་ ཆང་དང་དོག་མ་ ཏམ་ཁུ་སྤྱོད་ནི་ལུ་ རྒྱབ་སྐྱོར་འབད་ནིའི་དོན་ལུ་ གསོ་བ་རིག་པའི་ སྨན་བཅོས་འབད་དོ་ཡོད་མི་དེ་ མཚམས་འཇོག་འབད་ནུག།
དབང་འཛིན་གྱིས་ ལག་ལེན་དེ་ལུ་ ཁྲིམས་མཐུན་ག་དེ་སྦེ་ ཡོདཔ་ཨིན་ན་དང་ ཉེན་སྲུང་གི་ ཚ་གྱང་ཡོད་མི་ལུ་བརྟེན་ དྲུང་འཚོ་རྟ་མགྲིན་ཕུརཔ་གིས་ ནང་པའི་སྨན་ཚུ་ བྱིན་དོ་ཡོད་མི་དེ་ མཚམས་འཇོག་འབད་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ ཁོ་གི་ ལག་ལེན་དེ་ བཀག་ནི་མེན་པར་ ཁྲིམས་མཐུན་ལྟར་ འབད་ཐབས་ལུ་ ཨིན་ཟེར་ཨིན་པས།
དབང་འཛིན་གྱི་མགྲིན་ཚབ་ ངག་དབང་སྒྲོལ་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ དྲུང་འཚོ་གིས་ བྱིན་མི་སྨན་རིགས་ཚུ་ དབང་འཛིན་དང་གཅིག་ཁར་ ཐོ་བཀོད་འབད་དེ་ ཡོདཔ་ཨིན་རུང་ དེ་ཚུ་ལུ་ ཕན་ཐོགས་ཐེབས་མེད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ ནང་སྨན་ཚུ་ ཧེ་མའི་གསོ་བ་རིག་པའི་ སློབ་དེབ་ཚུ་དང་འཁྲིལ་ བརྡ་མཚོན་འབད་དོ་ཟེར་ ཨིནམ་མ་ཚད་ སྨན་བཟོ་མི་ སྨན་ལྗོངས་གསོ་རིག་གིས ཡིག་ཆ་བྱིན་མིའི་ནང་ཡང་ དེ་ཚུ་ལུ་ ཕན་ཐོགས་ཐེབས་དང་ ཡང་ཅིན་ བརྡ་མཚོན་ཚུ་ བཀོད་དེ་མིན་འདུག་ཟེར་ཨིན་པས།
ངག་དབང་སྒྲོལ་མ་གིས་ སླབ་མིའི་ནང་ ཐོ་བཀོད་འབད་བའི་སྐབས་ བརྡ་མཚོན་མ་འབད་མི་ཚུ་ ཕྱི་གཟུགས་ཀྱི་ སྨན་བཅོས་ ག་ཅི་ར་འབད་རུང་ ཐོབ་བརྗོད་འབད་བ་ཅིན་ ཁ་སྐོང་ཐོབ་བརྗོད་སྦེ་ བརྩི་འཇོག་འབད་འོང་ཟེར་ཨིན་རུང་ ཁོ་གིས་ འབད་མི་ལུ་ ཞིབ་འཇུག་དང་ ཡང་ཅིན་ སྒྲུབ་བྱེད་ཚུ་ཡོད་པ་ཅིན་ དབང་འཛིན་གྱིས་ བསྐྱར་ཞིབ་དང་ སྨན་བཟོ་སྐྲུན་བརྒྱུད་དེ་ ཐོ་བཀོད་འབད་ནི་ལུ་ གྲ་སྒྲིག་ཡོད་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ དྲུང་འཚོ་གིས་ བརྡ་བརྒྱུད་ཚུ་ནང་ སྨན་དེ་ཚུ་ གོང་འཕེལ་བཏང་སར་ མཐོང་པའི་ཤུལ་ལས་ དབང་འཛིན་གྱིས་ སྨན་དེ་ཚུ་ བྱིན་ནི་ལས་ མཚམས་འཇོག་འབད་ཡི་ཟེར་ཨིནམ་ད་ མི་ཚུ་གིས་ གསོ་བ་རིག་པའི་ནང་ བཀོད་དེ་མེད་པའི་ གནད་དོན་གཞན་ཚུ་གི་དོན་ལུ་ཡང་ སྨན་དེ་ཚུ་ མཁོ་མངགས་འབད་དོ་ཡོདཔ་སྦེ་ དྲུང་འཚོ་གཞན་ཚུ་གིས་ཡང་ སྙན་ཞུ་འབད་དེས་ཟེར་ཨིན་པས།
ནང་པའི་སྨན་ཁང་གི་ སྨན་བཅོས་འགོ་འཛིན་པ་ ཀརྨ་དགེ་ལེགས་ཀྱིས་ སླབ་མིའི་ནང་ དྲུང་འཚོ་རྟ་མགྲིན་ཕུརཔ་གིས་ ལག་ལེན་འབད་མི་དེ་ ཁོ་རའི་ཉམས་མྱོང་ལུ་ གཞི་བཞག་སྟེ་ ཨིན་མས་ཟེར་ཨིནམ་ད་ ཁོ་གིས་བྱིན་མི་ སྨན་རིགས་ཚུ་ བརྡ་མཚོན་ལས་ འགལ་བ་ཨིན་རུང་ ག་དེམ་ཅིག་སྦེ་ ཞབས་ཏོག་དེ་གིས་ མི་ཚུ་ལུ་ ཕན་ཐོགས་ཡོད་པ་ཅིན་ ཁོང་གིས་ རྒྱབ་སྐྱོར་འབད་འོང་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དྲུང་འཚོ་གིས་ ལག་ལེན་འཐབ་མི་དེ་ སེམས་ཀྱི་མནོ་ཐངས་ཀྱི་ གནས་ཚད་ནང་ ཨིན་མས་ཟེར་ཨིནམ་ད ཁོ་གི་ ཞིབ་འཇུག་དང་ གནས་སྡུད་ཚུ་ གྲུབ་འབྲས་ཅན་སྦེ་ ངོས་འཛིན་འབྱུང་པ་ཅིན་ ལག་ལེན་དེ་ ངོ་སྤྲོད་དང་ ཆ་འཇོག་འབད་འོང་ཟེར་ཨིན་པས།
ད་ལྟོ་ ཐིམ་ཕུག་ཀུན་གསལ་ཕོ་བྲང་ལུ་ གནང་པའི་བསྒང་ཡོད་མི་ རྒྱལ་བའི་བཀའ་འགྱུར་ཆེན་མོའི་ ལྗགས་ལུང་འགོ་འདྲེན་པ་ཚུ་གིས་ ཞུ་བ་འབད་མི་ལུ་བརྟེན་ དྲུང་འཚོ་རྟ་མགྲིན་ཕུརཔ་དང་ སྨན་པ་༢ སྨན་བཅོས་ཀྱིས་ སྡེ་ཕྲན་ཅིག་ བཙུགས་པར་བཏང་ནུག།
དྲུང་འཚོ་རྟ་མགྲིན་ཕུརཔ་གིས་ ཆང་འཐུང་མི་ཚུ་ལུ་ མཆིན་པའི་ནད་གཞིའི་དོན་ལུ་ཨིན་མི་ ནང་སྨན་གི་ཝང་དགུ་པ་དང་ ཏམ་ཁུ་འཐུང་མི་ཚུ་ལུ་ གློའོ་གི་སྨན་ ལི་ཤི་དྲུག་པ་ཚུ་ བྱིན་དོ་ཡོདཔ་ད་ ཁོ་གིས་འབད་བ་ཅིན་ ཆང་དང་ཏམ་ཁུ་གིས་ མཆིན་པ་དང་གློའོ་ལུ་གནོདཔ་ལས་ ལོངས་མ་སྤྱོད་ཟེར་ སླབ་ཡོདཔ་མ་གཏོགས་ དེ་ཚུ་ ཆང་དང་ཏམ་ཁུའི་དོན་ལུ་ཨིནམ་སྦེ་ མི་ག་ལུ་ཡང་ མ་སླབ་ཟེར་ཨིནམ་ད་ སྨན་ཚུ་ཡང་ མཆིན་པ་དང་གློའོ་གི་ ནད་གཞི་དྲག་ཐབས་ལུ་ བྱིན་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྨན་དེ་ཚུ་ ག་ཅི་གི་ བརྡ་མཚོན་ཨིན་ན་ ཤེས་ཟེར་ཨིན་རུང་ ཁོ་གི་ སྨན་བཅོས་དེ་ བརྒྱ་ཆ་༨༠ བསླབ་སྟོན་དང་ བརྒྱ་ཆ་༢༠ སྨན་དེ་ཚུ་ ཨིན་ཟེར་ཨིནམ་བཞིན་དུ་ ཁོ་གིས་བྱིན་མི་ སྨན་དེ་ཚུ་ གསརཔ་ཐོན་ཐོནམ་མེནམ་ལས་ དབང་འཛིན་ལས་ གནང་བ་དང་ ཉོགས་མེད་ལེན་དགོཔ་ཅིག་ མ་མཐོང་ཟེར་ཨིན་པས།
ཀྲོང་གསར་ལས་ སྐྱེས་ལོ་༤༧ ལང་མི་ ཀརྨ་འགྱུར་མེད་ཀྱིས་ སླབ་མིའི་ནང ཧེ་མ་ལས་ར་ ཆང་འཐུང་མི་ལུ་བརྟེན་ ཆ་རོགས་ཚུ་དང་གཅིག་ཁར་ ཤུགས་ཐལཝ་ལས་ བཅད་ནིའི་དོན་ལུ་ ག་དེམ་ཅིག་ དཔའ་བཅམ་རུང་ བཅད་མ་ཚུགསཔ་ལས་ སྨན་དེ་ཚུ་གིས་ ཆང་བཅད་ནི་ལུ་ ཕན་ཐོགས་བྱུང་ཡི་ཟེར་ཨིནམ་ད་ ཁོ་གིས་ སྨན་དེ་ཚུ་ དང་པ་ར་ རྒེད་འོག་གཞི་རྟེན་སྨན་ཁང་ནང་ལས་ ལེན་ཟ་ཡི་ཟེར་ཨིནམ་ད་ ཉིནམ་༡ ནང་ སྨན་ཕུད་རྡོག་༣ རེ་སྦེ་ ཟ་ཡི་ཟེར་ཨིན་པས།
སྤ་རོ་ལས་ བཙན་སྐྱོགས་ཀྱིས་ སླབ་མིའི་ནང་ ཉིན་བསྟར་བཞིན་དུ་ མི་༡༢ དེ་ཅིག་གིས་ སྨན་གྱི་དོན་ལུ་ ཁོ་འབད་སར་ འོང་ནི་འདུག་ཟེར་ཨིནམ་ད་ སྨན་དེ་ཚུ་ཟ་མི་ མི་༥༠ དེ་ཅིག་ལས་ ད་ལྟོ་ མི་༣༠ ལྷགཔ་ཅིག་གིས་ ཆང་དང་ཏམ་ཁུ་ བཅད་ཚུགས་ཅི་ཟེར་ ཨིནམ་མ་ཚད་ ཁོ་ལུ་ཡང ཏམ་ཁུ་བཅད་ནི་ལུ་ ཕན་ཐོགས་བྱུང་ཡི་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
སྐལ་བཟང་དབང་ཕྱུག།