ལྷུན་རྫོང་ཁག་ཡར་རྒྱས་ཚོགས་འདུ་ འཚོགས་པའི་བསྒང་།

ཆང་གི་ཆོག་ཐམ་འཆང་སྤྱོད་འབད་མི་ཚུ་ ས་གནས་གཅིག་ལས་ གཞན་ཁར་སྤོ་མི་ཆོག་ནི།

༉ ལྷུན་རྩེ་རྫོང་ཁག་ཡར་རྒྱས་ཚོགས་འདུ་ཐེངས་༥ པ་འཚོགས་པའི་སྐབས་ ཆང་གི་ཆོག་ཐམ་འཆང་སྤྱོད་ འབད་མི་ཚུ་གིས་ ཁྲོམ་ཁ་ལས་ གྲོང་གསེབ་དང་ གྲོང་གསེབ་ལས་ ཁྲོམ་ཁ་འབག་སྟེ་ ཚོང་འབྲེལ་འཐབ་མ་ ཆོགཔ་སྦེ་ གྲོས་ཆོད་བཏོན་ཡི།
དེ་ཡང་ རྫོང་ཁག་འཆར་གཞི་ཡིག་ཚང་ལས་ རྫོང་ཁག་ནང་ ཆང་གི་ཆོག་ཐམ་ འཆང་སྤྱོད་འབད་མི་ཚུ་གིས་ ད་ལས་ཕར་ ཁྲོམ་ནང་ ཆང་ཁང་གཞི་བཙུགས་འབད་སྡོད་མི་ཚུ་གིས་ གྲོང་གསེབ་ཚུ་ནང་ སྤོ་བཤུད་འབད་དེ་ ཆང་ཁང་ བཙུགས་ཆོག་ནི་དང་ གྲོང་གསེབ་ནང་སྡོད་མི་ཚུ་གིས་ ཁྲོམ་ཁ་འབག་འོང་སྟེ་ ཆང་ཁང་བཙུགས་ཆོག་པའི་ ལམ་ལུགས་བཟོ་དགོ་པའི་སྐོར་ ཚོགས་འདུ་ནང་ གྲོས་འབུལ་ཕུལ་ནུག།
རྫོང་ཁག་གསོ་བའི་འགོ་དཔོན་ ཨོ་རྒྱན་རྡོ་རྗེ་གིས་ ཚོགས་འདུ་ནང་ཞུ་མིའི་ནང་ གྲོས་གཞི་དེ་གི་ཐོག་ལུ་ འདས་པའི་ རྫོང་ཁག་ཚོགས་འདུའི་ནང་ གསུང་གྲོས་རྒྱས་པར་གནང་པའི་ཤུལ་ ཕར་ཚུར་སྤོ་མ་ཆོག་པའི་སྐོར་དང་ ལྷག་པར་དུ་ ཆང་གི་ ཆོག་ཐམ་གསརཔ་གནང་མ་ཆོགཔ་བཟོ་ཡི་ཟེར་ཨིན་པས།
ལྷུན་རྩེ་རྫོང་ཁག་དེ་ སྔོན་བྱོན་རྒྱལ་བ་གོངམ་ཚུ་གིས་ ཞབས་ཀྱིས་བཅགས་ བྱིན་གྱིས་བརླབས་གནང་པའི་ གནས་ཆེན་ཁྱད་པར་ཅན་ཅིག་ ཨིན་པའི་ཁར་ ད་རེས་ནངས་པར་ ཆང་ལུ་བརྟེན་ ནད་གཞི་མ་འདྲཝ་འཐོབ་ནི་དང་ གནད་གཞི་ལུ་བརྟེན་ སྨན་བཅོས་ཀྱི་ ཟད་འགྲོ་དོན་ལུ་ གཞུང་ལུ་ གྱོང་རྒུད་སྦོམ་ཕོགཔ་མས་ཟེར་ གསོ་བའི་འགོ་དཔོན་གྱིས་ཞུ་ཡི།
མཁོ་མང་རྒཔོ་ སྲིད་ཐར་ཚེ་རིང་གིས་ རྒེད་འོག་ནང་ རང་ལུགས་ཀྱི་ གར་འཆམ་དང་ ཚེས་བཅུ་ དམངས་ཀྱི་རིམ་གྲོ་ དེ་ལས་ རྒེད་འོག་འཛོམས་འདུ་ཚུ་ འགོ་འདྲེན་འཐབ་པའི་སྐབས་ ཆང་སྤྱོད་མ་ཆོགཔ་སྦེ་ ལམ་ལུགས་བཟོ་མི་དེ་ ད་ལྟོ་ ལག་ལེན་ལེགས་ཤོམ་འགྱོ་བའི་ བསྒང་ཡོད་ཟེར་ཨིན་པས།
བཙན་མཁར་རྒཔོ་ ཚེ་བརྟན་དབང་འདུས་ཀྱིས་ མ་གཞི་ མི་སེར་ཚུ་གི་ རང་དབང་དང་ དལ་དབང་དང་འཁྲིལ་བ་ཅིན་ ལཱ་ག་ཅི་འབད་རུང་ འབད་ཆོག་ནི་ཨིན་རུང་ རྒྱལ་ཁབ་ཀྱི་ ཁྲིམས་དང་ ལམ་ལུགས་སྒྲིང་སྒྲི་ཡོད་མི་དེ་ སྣང་མེད་སྐྱུར་བཞག་ནི་མེད་པར་ ངོས་ལེན་འབད་དགོཔ་ལས་ ཆང་གི་ཆོག་ཐམ་ཡོད་མི་ཚུ་གིས་ ས་གནས་སྤོ་བཤུད་འབད་ནི་ལུ་ བྱ་སྟབས་མ་བདེཝ་མ་མཐོང་ཟེར་ཨིན་པས།
སྤྱིར་བཏང་ གྲོང་གསེབ་ལས་ ཁྲོམ་ཁ་དང་ ཁྲོམ་ཁ་ལས་ གྲོང་གསེབ་ག་ཏེ་ར་སྤོ་རུང་ གནད་དོན་ངོ་མ་དེ་ ཆང་བཙོང་སྟེ་ བཟའ་ཚང་འཚོ་སྐྱོང་འཐབ་ནི་དེ་ཨིནམ་ལས་ རྒྱུ་མཚན་ལེགས་ཤོམ་སྦེ་ ཧ་གོ་དགོཔ་འདུག་ཟེར་ཞུ་ཡི།
འདི་དང་འདྲཝ་སྦེ་ མོང་སྒར་ལུ་ཡོད་པའི་ ལུང་ཕྱོགས་ཚོང་དང་ བཟོ་གྲྭ་ཡིག་ཚང་གི་ མདོ་ཆེན་ངོ་ཚབ་ ཀརྨ་ཚེ་དབང་གིས་ ཆང་གི་ཆོག་ཐམ་བྱིན་ནི་ལུ་ ལམ་ལུགས་དང་ སྒྲིག་གཞི་ དེ་ལས་ རང་སོའི་ བྱ་སྒོའི་ལམ་ལུགས་ཚུ་ཡོད་ཟེར་ཨིན་པས།
གལ་སྲིད་ ཁྲོམ་ཁར་ཆོག་ཐམ་ འཆང་སྤྱོད་འབད་མི་ཚུ་གིས་ གྲོང་གསེབ་ནང་ ཆང་ཁང་གཞི་བཙུགས་འབད་རུང་ ལྷ་ཁང་དང་ དགོན་སྡེ་ སློབ་གྲྭ་ཚུ་གི་ ཉེ་འདབས་ལས་ཕར་ གནང་བ་བྱིན་ནི་མེད་ཟེར་ཨིནམ་མ་ཚད་ ཆང་གི་ཆོག་ཐམ་འཆང་མི་ཚུ་ཡང་ མི་སེར་ཉམ་ཆུང་ཚུ་ཨིན་པས།
རྫོང་ཁག་འགོ་དཔོན་ཚུ་གིས་ ཆང་གི་ཆོག་ཐམ་འབག་སྟེ་ ཕར་ཚུར་ སྤོ་བཤུད་འབད་བཅུག་པ་ཅིན་ གྲོང་གསེབ་ལས་ ཁྲོམ་ཁ་སྤོ་མི་ མང་སུ་འཐོན་ནི་དང་ ཆང་ཁང་ལུ་བརྟེན་ ཁྲོམ་ནང་ དཀའ་ངལ་འདྲ་མིན་སྣ་ཚོགས་ འབྱུང་ཉེན་ཡོད་ཟེར་ཨིན་པས།
གསུང་གྲོས་རྒྱས་པར་གནང་པའི་ཤུལ་ལུ་ ཚོགས་འདུའི་ཁྲི་འཛིན་ ཀུན་བཟང་མི་འགྱུར་གྱིས་ ཆང་གི་ཆོག་ཐམ་འཆང་སྤྱོད་འབད་མི་ཚུ་ ཕར་ཚུར་སྤོ་བཤུད་འབད་ནི་མེན་པར་ རང་འཇགས་སྦེ་ བཞག་ནི་གུ་ གྲོས་ཐག་བཅད་ཡོད་པའི་གནས་ཚུལ།

ལྷུན་རྩེ་ལས་ བཀྲིས་ཕུན་ཚོགས།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *