༉ མོང་སྒར་རྫོང་ཁག་ ཆ་གླིང་རྒེད་འོག་གི་ ལས་སྣ་ཁག་ཚུ་ནང་ མི་སྡེའི་གྲལ་གཏོགས་ མངམ་འབད་བཅུག་ཐབས་ལུ་ ཐབས་བྱུས་མ་འདྲཝ་ བཏོན་དོ་ཡོདཔ་ཨིན་པས།
ཐབས་ལམ་བཏོན་མི་ཚུ་གི་གྲས་ལས་ ཕྱགས་སྙིགས་འཛིན་སྐྱོང་དང་ བརྡ་དོན་ལེགས་ཤོམ་ ཁྱབ་སྤེལ་གཏང་ནིའི་དོན་ལུ་ མི་སྡེའི་སྡེ་ཚན་བཟོ་ནི་དང་ མི་སྡེ་དང་གཅིག་ཁར་ གྲལ་གཏོགས་འབད་ནི་ཚུ་ཨིན་པས།
ན་ཧིང་ འགོ་དཔོན་གཞན་ཚུ་དང་ རྒེད་འོག་བདག་སྐྱོང་འགོ་དཔོན་ ཚེ་རིང་སྒྲོལ་མ་ཚུ་ ཇ་པཱན་རྒྱལ་སྤྱི་མཉམ་འབྲེལ་ལས་སྡེ་ ཇའི་ཀའི་ཁ་ཐུག་ལས་ ས་གནས་གཞུང་སྐྱོང་གོང་འཕེལ་དང་ མི་སྡེ་གྲལ་གཏོགས་ཀྱི་ སྦྱོང་བརྡར་དོན་ལུ་ ཇ་པཱན་རྒྱལ་ཁབ་ནང་ ལྟ་སྐོར་ལུ་ སོང་ཡོདཔ་ཨིན་པས།
ཚེ་རིང་སྒྲོལ་མ་གིས་ སླབ་མིའི་ནང་ ཕྱགས་སྙིགས་འཛིན་སྐྱོང་དང་ ས་གནས་གཞུང་སྐྱོང་ནང་ མི་སྡེ་གྲལ་གཏོགས་ཀྱི་སྐོར་ལས་ ལྷབ་སྦྱང་འབད་ཚུགས་ཅི་ཟེར་ཨིན་པས།
མོ་ར་ རྒྱལ་ཁབ་ནང་ ལོག་ལྷོད་ཞིནམ་ལས་ རྒེད་འོག་ནང་ ཕྱགས་སྙིགས་བླུགས་ས་ བཟོ་སྐྲུན་འབད་ནི་དང་ ཕྱགས་སྙིགས་འཛིན་སྐྱོང་འཐབ་དགོ་པའི་ གོ་བརྡའི་ལས་རིམ་དང་ ཟླ་རིམ་བཞིན་དུ་ ཕྱགས་བརྡར་གྱི་ ལས་རིམ་འགོ་འདྲེན་འཐབ་ནིའི་ ལམ་ལུགས་ཚུ་ འགོ་བཙུགས་ཡོདཔ་ཨིན་པས།
རྒེད་འོག་ནང་འཁོད་ལས་ ཕྱགས་སྙིགས་བསྡུ་ལེན་འབད་ནིའི་དོན་ལུ་ རྒེད་འོག་གི་ སྣུམ་འཁོར་བོ་ལེ་རོ་དེ་ ལག་ལེན་འཐབ་དོ་ཡོདཔ་ད་ ད་རེས་ནངས་པར་ རྒེད་འོག་དེ་ ཧིང་སང་ས་སྦེ་ མཐོང་ཚུགས་ཟེར་ བདག་སྐྱོང་འགོ་དཔོན་ ཚེ་རིང་སྒྲོལ་མ་གིས་ བཤདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ སྤྱི་འོག་ཁག་ཚུ་ནང་ལས་ཕར་ མི་སྡེའི་སྡེ་ཚན་ཡོདཔ་ཨིན་རུང་ ལག་ལེན་འཐབ་མིའི་སྡེ་ཚན་སྦེ་ ངོས་འཛིན་མ་འབད་བས་ཟེར་ཨིནམ་ད་ སྡེ་ཚན་ནང་ འཐུས་མི་དང་ ཁྲི་འཛིན་ དེ་ལས་ འགན་ཁུར་ཚུ་ ངོས་འཛིན་འབད་ཞིནམ་ལས་ ས་གནས་གཞུང་གི་ ལས་སྣ་ཚུ་ནང་ གྲལ་གཏོགས་འབད་བཅུག་ཅི་ཟེར་ཨིན་པས།
སོ་ནམ་ཞིང་ལམ་དང་ ཞིང་ཆུའི་གཡུར་བ་ཚུ་ ཉམས་བཅོས་འབད་དགོ་པའི་ ལཱ་ཆུང་ཀུ་ཚུ་ ལག་ལེན་འཐབ་མིའི་སྡེ་ཚན་ཚུ་ལུ་ འབད་བཅུག་དོ་ཟེར་ཨིན་པས།
སྐྱེས་ལོ་༤༩ ལང་མི་ བསོད་ནམས་དེ་ བཟའ་འཐུང་རྒྱུན་སྐྱོང་དང་ བཙུགས་སྣོད་ཀྱི་དོན་ལུ་ ཇའི་ཀའི་ཁ་ཐུག་ལས་ སྦྱོང་བརྡར་ཐོབ་མི་ཅིག་ཨིན་པས།
བསོད་ནམས་དེ་ རང་དབང་ཅན་གྱི་ ཚོང་འབྲེལ་པ་ཅིག་ཨིནམ་ད་ ད་རེས་ནངས་པར་ མོ་གིས་ ཧོམ་ཨིས་ཊེ་གཅིག་དང་ མཛེས་ལྡན་ཅན་གྱི་ སྔོ་ཤིང་ཚུ་ ཚོང་འབྲེལ་འཐབ་དོ་ཡོདཔ་བཞིན་དུ་ མོ་གིས་ ཧོམ་ཨིས་ཊེ་དེ་ སྤྱི་ལོ་༢༠༠༨ ལས་ འགོ་བཙུགས་ཡོདཔ་ཨིན་པས།
དུས་རྒྱུན་གྱི་ ཞིང་ལཱ་གིས་ མ་དོ་བར་ མོ་གིས་ ས་གནས་ནང་གི་ ཐོན་སྐྱེད་ལག་ལེན་འཐབ་སྟེ་ ཀུ་ཀིས་དང་ ཀེན་ཌི་བཟོ་ནིའི་ ཐབས་ལམ་ཚུ་ ལྟ་དོ་ཡོདཔ་ད་ མོ་ལུ་ ས་ཁོངས་མ་ལང་པའི་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས།
མོ་གིས་ སྤྱི་ལོ་༢༠༠༦ དང་༢༠༠༧ གྱི་བར་ན་ ཇའི་ཀའི་ཁ་ཐུག་ལས་ བཟའ་འཐུང་རྒྱུན་སྐྱོང་དང་ བཙུགས་སྣོད་ཀྱི་ སྦྱོང་བརྡར་འབད་བར་ ཇ་པཱན་རྒྱལ་ཁབ་ནང་ སོང་ཡོདཔ་བཞིན་དུ་ གནད་དོན་མ་འདྲཝ་ཐོག་ལས་ བསླབ་སྟོན་འབད་ཡོད་པའི་གྲས་ལས་ཅིག་ ཧོམ་ཨིས་ཊེ་ཨིནམ་མ་ཚད་ བཟའའཐུང་རྒྱུན་སྐྱོང་དང་ སྔོ་ཤིང་བཙོང་ནིའི་ སྦྱང་བ་ཡང་ འབད་ཡི་ཟེར་ཨིན་པས།
མོ་གིས་ བཟའ་འཐུང་རྒྱུན་སྐྱོང་དང་ བཙུགས་སྣོད་སྐོར་ལས་ ན་གཞོན་དང་ སོ་ནམ་པའི་སྡེ་ཚན་ཚུ་ལུ་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ མོ་ར་ སྦྱོང་བརྡར་མཇུག་བསྡུ་ཞིནམ་ལས་ ཁྱིམ་ནང་ལས་ སྦལཔ་བསེའུ་གི་ཁུ་བ་ ཐོན་སྐྱེད་འབད་ནི་ འགོ་བཙུགས་ཅི་ཟེར་ཨིན་རུང་ བཟོ་སྦྱོར་འཕྲུལ་ཁང་ལེགས་ཤོམ་མེད་མི་ལུ་བརྟེན་ ཐོན་སྐྱེད་བརྒྱ་ཆེ་དྲག་དང་ ཧིང་སང་ས་སྦེ་ བཟོ་ནིའི་ནང་ དཀའ་ངལ་བྱུངམ་མས་ཟེར་ཨིན་པས།
མི་སྡེའི་ནང་འཁོད་ མཛེས་ལྡན་གྱི་ སྔོ་ཤིང་ཚོང་འབྲེལ་འཐབ་ནིའི་ལཱ་དེ་ ལེགས་ཤོམ་སྦེ་ འགྱོ་དོ་ཡོད་རུང་ འདས་པའི་ལོ་ཚུ་ནང་ ཧོམ་ཨིས་ཊེ་ནང་ མགྱོནམོ་འོང་མའི་གྱངས་ཁ་ མར་བབས་སོང་ཡོདཔ་ད་ དེ་ཡང་ མོ་གིས་འབད་བ་ཅིན་ ཤར་ཕྱོགས་ཁ་ཐུག་ལུ་ འཁོར་ལམ་ལེགས་ཤོམ་མེད་མི་ལུ་བརྟེན་ འོང་ནི་མས་ཟེར་ཨིན་པས།
ཇའི་ཀའི་ཁ་ཐུག་ལས་ མོ་ལུ་ སྦྱོང་བརྡར་མ་བྱིན་ཚུན་ སོ་ནམ་པའི་ལཱ་འབད་ནི་མ་གཏོགས་ མོ་ལུ་ ཚོང་ལཱ་གཞན་ ག་ནི་ཡང་མེད་པར་ སྡོད་ཡོད་རུང་ ཇའི་ཀའི་སྦྱོང་བརྡར་དེ་གིས་ མོ་ལུ་ ཕན་ནུས་སྦོམ་བྱུང་ཡི་ཟེར་ བསོད་ནམས་ཀྱིས་ བཤད་པའི་གནས་ཚུལ།
Check Also
འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།
༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …