༉ རྒྱ་གར་ལས་ ནང་འདྲེན་འབད་མི་ཅ་དངོས་ སིལ་ཚོང་དང་སྦུང་ཚོང་རྐྱབ་མི་ཚུ་གིས་ རྒྱ་གར་ལུ་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་ལས་ཐོབ་མི་ ཁེ་ཕན་ཚུ་ ཁེ་སང་སྦེ་ ཆ་གནས་འབད་ནི་མི་འོང་ཟེར་ཨིན་པས།
བསྟན་རྒྱས་ལྷན་ཁག་གི་ དྲུང་ཆེན་ངོ་ཚབ་ བསོད་ནམས་པི་དབང་འདུས་ཀྱིས་ བཤད་མིའི་ནང་ ཚོང་མགྲོན་པ་ཚུ་གིས་ ཁྲལ་ལུ་བརྟེན་ ཁེ་ཕན་འཐོབ་དགོཔ་ལས་ གོང་ཚད་ཚུ་ ཚུལ་མཐུན་བཞག་ཐབས་ལུ་ ཚོང་མགྲོན་དང་ཉེན་སྲུང་ཡིག་ཚང་གིས་ ལྟ་རྟོག་ཚུ་འབད་འོང་ཟེར་ཨིན་པས།
དེ་གི་དོན་ལུ་ ལྷན་ཁག་གིས་ སྤྱི་ཟླ་༨ པའི་ཚེས་༢༨ ལུ་ གསལ་བསྒྲགས་ཅིག་འབད་ཡོདཔ་ད་ རྒྱ་གར་གྱི་ ཅ་དངོས་བརྒྱ་ཆ་༨༡ དེ་ཅིག་ ཁྲལ་བརྒྱ་ཆ་༡༨ མན་ཆད་ཕོག་དོ་ཡོདཔ་ད་ དེ་གི་ལྷག་ལུས་ཚུ་ བརྒྱ་ཆ་༢༨ ཀྱི་ འོག་རྒྱུ་ཕོགཔ་ཨིན་པས།
ཨིན་རུང་ འབྲུག་གི་དོན་ལུ་འབད་བ་ཅིན་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་ཚུ་ མི་བཀལ་ནི་ཨིནམ་ད་ དེ་ཡང་ རྒྱ་གར་ལུ་ ཁྲལ་དེ་གི་བཅའ་ཁྲིམས་ནང་ རྒྱ་གར་ལས་ཕྱི་ཁར་བཙོང་པ་ཅིན་ ཁྲལ་བརྒྱ་ཆ་ཀླད་ཀོར་ཨིནམ་སྦེ་ བཀོད་ནི་དེ་གིས་ཨིནམ་ད་ དོན་ངོ་མ་ལུ་ རྒྱ་གར་ལས་ ནང་འདྲེན་འབད་མི་ ཅ་དངོས་ཚུ་ འབྲུག་ལུ་ལྷོདཔ་ད་ གོང་ཚད་ཁེ་སུ་སྦེ་ འོང་ནི་ཨིན་པས།
བསོད་ནམས་པི་དབང་འདུས་ཀྱིས་ བཤད་མིའི་ནང་ འབྲུག་ལུ་ ཅ་དངོས་ཀྱི་གོང་ཚུ་ག་ར་ རྒྱ་གར་ལུ་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་ ཧྲིལ་བུམ་སྦེ་ བསྟར་སྤྱོད་འབད་བའི་ཤུལ་ལས་ དེ་གི་ཕན་གནོད་ཚུ་ ཤེས་ཚུགས་ཟེར་ཨིན་པས།
ཁྲལ་དེ་གི་ ཁེ་ཕན་ལེན་ནིའི་དོན་ལུ་ འབྲུག་པའི་ ནང་འདྲེན་པ་དང་བཀྲམ་སྤེལ་བ་ཚུ་གིས་ ཅ་དངོས་ཚུ་ག་ར་ བཟོ་སྐྲུན་འབད་སའི་ ས་ཁོངས་ནང་ལས་ ལེན་དགོ་ཟེར་ཨིན་པས།
ཁྲལ་མ་ཕོག་པར་ལེན་ནིའི་ ཐབས་ལམ་གཉིས་ཡོད་མི་དེ་ཡང་ གཅིག་ རྒྱ་གར་གྱི་ བཀྲམ་སྤེལ་བ་ཚུ་གིས་ ཅ་དངོས་དང་ཞབས་ཏོག་གི་ཁྲལ་དེ་ བཏབ་ནི་དང་ ཐབས་ལམ་གཞན་དེ་ དངུལ་ཁང་ཚུ་དང་གཅིག་ཁར་ ཅ་དངོས་ཚུ་ ཕྱིར་བཙོང་འབད་ནི་ཨིན་པའི་ གསལ་སྟོན་འབད་དེ་ ཁྲལ་མ་ཕོགཔ་སྦེ་ བཟོ་ཚུགས་ནི་ཨིན་པས།
འབྲུག་པའི་ཚོང་འབྲེལ་འཐབ་མི་ཚུ་གིས་ ཁྲལ་མ་ཕོག་པའི་ ལས་སྡེ་ཚུ་ནང་ལས་ ནང་འདྲེན་འབད་བ་ཅིན་ དེ་གི་ཁྲལ་ཚུ་བཏབ་དགོ་ནི་དེ་གིས་ འབྲུག་ལུ་ལྷོདཔ་ད་ ཅ་དངོས་ཀྱི་གོང་ཚད་ཚུ་ མཐོ་སུ་སྦེ་ འགྱོ་ནི་ཨིནམ་ད་ དེ་གིས་ ཚོང་འབྲེལ་ནང་ ལྷག་པར་དུ་ དོ་འགྲན་ཅན་འགྱོ་ནི་ཨིན་པས།
རྒྱ་གར་ལུ་འབད་རུང་ ཁྲལ་དེ་དང་གཅིག་ཁར་ ཚོང་མགྲོན་པ་ཚུ་གིས་ ཁེ་ཕན་འཐོབ་ནིའི་དོན་ལུ་ བཅའ་ཁྲིམས་ལོགས་སུ་སྦེ་ བཟོ་ཡོདཔ་ད་ འབྲུག་ལུ་འབད་བ་ཅིན་ ཚོང་མགྲོན་དང་ ཉེན་སྲུང་བཅའ་ཁྲིམས་དེ་གིས་ ཧ་ལམ་ འགབ་ཚུགས་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ གསལ་བསྒྲགས་འབད་མི་དང་ མ་འཁྲིལ་བར་ གོང་ཚད་བཀལ་མི་ཚུ་ལུ་ དེ་དང་འཁྲིལ་བའི་ ཉེས་ཁྲིམས་ཚུ་ བཀལ་འོང་ཟེར་ཨིནམ་ད་ ཅ་དངོས་ཀྱི་གོང་ཚད་ མར་བབས་འགྱོ་མི་དེ་གིས་ རྒྱལ་ཁབ་ནང་ ནང་འདྲེན་གྱི་གནས་ཚད་ཡང་ མར་འབབ་འགྱོ་ནི་ཨིན་པས།
དཔེར་ན་ ཆུམ་དང་ འབྲུ་སྣ་ སྨན་ རྫས་སྦྱོར་ གཞན་རྒྱུ་དངོས་ཀྱི་རིགས་༢,༠༣༡ དེ་ཅིག་ ཚོང་ཁྲལ་བརྒྱ་ཆ་༡༢.༨ དེ་ཅིག་ མར་འབབ་འགྱོ་ནི་ཨིནམ་ད་ དེ་བཟུམ་སྦེ་ ནང་འདྲེན་གྱི་རིགས་༥༤ པོ་དེ་ཡང་ ཁྲལ་བརྒྱ་ཆ་༡༦.༢ དེ་ཅིག་ མར་འབབ་འགྱོ་ནི་ཨིན་པས།
སྣུམ་འཁོར་ནང་འདྲེན་དེ་ཡང་ ཤུགས་ཚད་སི་སི་༡༥༠༠ འོག་རྒྱུ་འབད་མི་ཚུ་ལུ་ བརྒྱ་ཆ་༡༣.༦ དེ་ཅིག་ མར་འབབ་འགྱོ་ནི་ཨིནམ་ད་ སི་སི་༡༥༠༠ ཡན་ཆད་འབད་མི་ཚུ་ལུ་ བརྒྱ་ཆ་༡༢ དེ་ཅིག་གིས་ མར་འབབ་འགྱོ་ནི་ཨིན་པས།
ཁྲལ་མར་ཕབ་འབད་མིའི་གྲས་ཁར་ ཉུང་ཤོས་ར་ ཅ་དངོས་ཀྱི་རིགས་༢༤ ལུ་ བརྒྱ་ཆ་མར་ཕབ་༣༠ འབད་མི་དེ་ཨིནམ་ད་ དེ་ཡང་ ཆུ་དང་ མངར་ཆུ་ དེ་ལས་ འཇལ་ཚད་མི་ལི་ལི་ཊར་༣༥༠ གི་ འོག་རྒྱུ་འབད་མི་ཚུ་ ཨིན་པའི་གནས་ཚུལ།
སྐད་སྒྱུར་ བཀྲིས་བསྟན་འཛིན།