ཅ་ཆས་དང་ཞབས་ཏོག་གི་ཁྲལ་ ལམ་ལུགས་གྲ་སྒྲིག་མ་འགྱོ་ཚུན་ བསྟར་སྤྱོད་མི་འབད་ནི།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་འདུ་གིས་ ཅ་ཆས་དང་ཞབས་ཏོག་ཁྲལ་དེ་ ཅ་ཆས་དང་ཞབས་ཏོག་ལམ་ལུགས་ གྲ་སྒྲིག་སོངམ་ད་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་པའི་ཚེས་གྲངས་ལས་ འགོ་བཟུང་སྟེ་ བསྟར་སྤྱོད་འབད་དགོཔ་སྦེ་ ཐག་བཅད་ཅི།

གཞུང་གིས་ ཅ་ཆས་དང་ ཞབས་ཏོག་ཁྲལ་བསྟར་སྤྱོད་དེ་ སྤྱི་ལོ་༢༠༢༤ ཟླ་༧ པའི་ཚེས་༡ ལས་ འབད་ནི་ལུ་ གྲོས་འཆར་བཙུགས་ཡོད་རུང་ ཁྲིམས་བཟོ་ཚོགས་ཆུང་གིས་ སྤྱི་ལོ་༢༠༢༥ ཟླ་༧ པའི་ཚེས་༡ ལུ་ ཕར་འགྱངས་འབད་ནི་སྦེ་ གྲོས་འདེབས་ཕུལ་ཡི།

དགྲ་མེད་རྩེ་-སྔ་ཚང་གི་འཐུས་མི་ ཨྱོན་དབང་འདུས་ཀྱིས་ ཞུ་མིའི་ནང་ གཞུང་གིས་ སྤྱི་ལོ་༢༠༢༤ ལས་ ཁྲལ་གྱི་ལམ་ལུགས་དེ་ བསྟར་སྤྱོད་འབད་དགོཔ་སྦེ་ བཞག་པ་ཅིན་ སྟབས་མ་བདེཝ་ འཐོན་ནི་དང་ མ་འོངས་པའི་ གཞུང་གི་དམིགས་ཡུལ་དང་ ལྟ་བ་ཚུ་ ག་ཅི་ཨིན་ན་ མི་ཤེས་ཟེར་ཞུ་ཡི།

སྲིད་ཚོགས་ག་ཅི་ཨིན་རུང་ མི་ཚུ་གིས་ བློ་གཏད་དང་ ཡིད་ཆེས་ཚུགས་པའི་ ཁས་བླངས་ངོ་མ་ཅིག་ ཁྲལ་རིགས་ལུ་བརྟེན་ ཤུགས་བཏོནམ་བཞིན་དུ་ ད་ལྟོའི་ གཞུང་གིས་ཡང་ ཁྲལ་གྱི་སྲིད་བྱུས་ལེགས་བསྒྱུར་འབད་དེ་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་ འགོ་བཙུགས་ནི་སྦེ་ ཁས་བླངས་འབད་ཡོད་རུང་ ཀོ་བིཌ་-༡༩ ལུ་བརྟེན་ ལག་ལེན་འཐབ་མ་ཚུགས་པར་ ལུས་སོ་ཡི་ཟེར་ འཐུས་མི་ཨྱོན་དབང་འདུས་ཀྱིས་ ཞུ་ཡི།

ཁྲལ་ཡར་སེང་མར་ཕབ་དང་ ད་ལྟོ་ཡོད་པའི་ཁྲལ་དེ་ མེདཔ་བཟོ་མི་བཟོའི་དབང་ཚད་དེ་ མ་འོངས་པའི་ གཞུང་ལུ་ར་ བཞག་པ་ཅིན་ ལེགས་ལམ་ཆེ་ནི་བཟུམ་ མཐོངམ་མ་ཚད་ བསྟར་སྤྱོད་ཀྱི་ ཚེ་གྲངས་མ་བཀག་པར་ ལམ་ལུགས་དེ་ ནམ་གྲ་སྒྲིག་ཚུདཔ་ད་ སྤྱི་ཚོགས་ཀྱིས་ ཆ་འཇོག་གྲུབ་དགོ་ཟེར་ བཙུགས་པ་ཅིན་ སྟབས་བདེ་ཏོག་ཏོ་ འོང་ནི་མས་ཟེར་ འཐུས་མི་གིས་ཞུ་ཡི།

འཐུས་མི་ཨྱོན་དབང་འདུས་ཀྱིས་ ཞུ་མིའི་ནང་ རྒྱ་གར་རྒྱལ་ཁབ་ནང་ ལམ་ལུགས་དེ་ ལག་ལེན་འཐབ་སྟེ་ཡོདཔ་ལས་ འབྲུག་རྒྱལ་ཁབ་ནང་ ཁྲལ་འཛགས་ལུས་ཤོར་མི་ལུ་བརྟེན་ དམ་དམ་བཟོ་ནིའི་དོན་ལུ་ འགོ་བཙུགས་ནི་སྦེ་ དཔའ་བཅམ་པའི་སྐབས་ འགྱོ་མ་བཏུབ་ཟེར་ཨིནམ་ད་ མ་འོངས་གཞུང་ལུ་ གདམ་ཁ་བཞག་ནི་དེ་ གལ་ཆེཝ་སྦེ་ མཐོངམ་མས་ཟེར་ཞུ་ཡི།

བློན་ཆེན་ཌོག་ཊར་ བློ་གྲོས་ཚེ་རིང་གིས་ རྒྱབ་སྐྱོར་ཐོག་ལས་ ཞུ་མིའི་ནང་ ཁྲལ་གྱི་ལམ་ལུགས་ བསྟར་སྤྱོད་འབད་ནི་གི་ དུས་ཚོད་བཀག་བཞག་མི་ལུ་ འཛོལ་བ་མེད་རུང་ དུམ་གྲ་ཅིག་ སྟབས་མི་བདེ་ནི་སྐོར་ལས་ ལྷན་རྒྱས་གཞུང་ཚོགས་དང་ དངུལ་རྩིས་ལྷན་ཁག་གི་ འགོ་དཔོན་ཚུ་ལུ་ཡང་ དེ་སྦེ་ར་ ཁ་སླབ་ཅི་ཟེར་ཞུ་ཡི།

ལམ་ལུགས་དེ་ ནམ་གྲ་སྒྲིག་ཚུདཔ་ཅིག་ ཚོགས་ཁང་ལས་ བཀའི་གནང་བ་ཞུ་སྟེ་ བསྟར་སྤྱོད་འབད་ནི་ཟེར་ བཙུགས་པ་ཅིན་ སྟབས་བདེ་ནི་མས་ཟེར་ བློན་ཆེན་གྱིས་ ཞུ་བའི་ཁར་ ཅ་ཆས་དང་ཞབས་ཏོག་ཁྲལ་གྱི་ འབྱུང་ཁུངས་ལེགས་ཤོམ་སྦེ་ ཧ་མ་གོ་མི་དང་ རྒྱལ་ཁབ་ལུ་ ཤ་ཚ་མེད་མི་ དེ་ལས་ རྒྱལ་ཁབ་ཀྱི་ འཕྲལ་དང་ཕུགས་ཀྱི་སྐོར་ལས་ གོ་རྟོགས་མེད་མི་ཚུ་གིས་ ལམ་ལུགས་མི་དགོ་ཟེར་ སླབ་མི་འཐོན་འོང་ག་ མི་ཤེས་ཟེར་ཞུ་ཡི།

ད་རེས་ རྒྱལ་ཁབ་༡༦༠ དེ་ཅིག་ལུ་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་ ལག་ལེན་འཐབ་སྟེ་ཡོདཔ་ད་ མི་སེར་ཚུ་ལུ་ ཕན་རླབས་ཆེཝ་སྦེ་ འོང་འབབ་སྦོམ་ཡོད་མི་ལུ་ ཁྲལ་མང་སུ་ཕོག་ནི་དང་ ཁྲལ་མ་ཕོག་མི་ཚུ་ལུ་ ཡངས་ཆག་གི་ལམ་ལུགས་ཡང་ བཟོ་སྟེ་ཡོད་ཟེར་ བློན་ཆེན་གྱིས་ ཞུ་ཡི།

འཐུས་མི་ལ་ལོ་ཅིག་གིས་ དཔྱད་ཡིག་ཕྱིར་བཏོན་ འབད་དགོ་པའི་སྐོར་ལས་ ཞུ་ཡོདཔ་ད་ བར་མཚམས་-གཤོང་ཕུག་གི་འཐུས་མི་ མཁས་དབང་པ་སངས་རྡོ་རྗེ་གིས་ དཔྱད་ཡིག་དེ་ ཕྱིར་བཏོན་འབད་བ་ཅིན་ ལེགས་ཤོམ་འོང་ནི་མས་ཟེར་ ཞུ་མི་དེ་ཡང་ ལམ་ལུགས་དེ་ སྤྱི་ལོ་༢༠༢༥ ལུ་ བསྟར་སྤྱོད་འབད་ནི་སྦེ་བཟོཝ་ད་ མ་འོངས་པའི་ སྲིད་ཚོགས་ག་གིས་ གཞུང་སྐྱོང་ནི་ཨིན་ན་ མི་ཤེས་ནི་ཨིནམ་ལས་ སྲིད་འབྲེལ་འགྱོ་ནི་གི་ ཉེན་ཁ་སྦོམ་འདུག་ཟེར་ཨིན་པས།

ལྡོག་ཕྱོགས་འགོ་ཁྲིདཔ་ རྡོ་རྗེ་དབང་འདུས་ཀྱིས་ ད་རེས་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་ བསྡུ་ལེན་གྱི་ སྤྱི་བསྡོམས་ཁྲལ་གྱི་ རིམ་ལུགས་བཟོ་ནི་ལུ་ ཚགས་ཁར་མ་ཚུགས་པར་ མ་འོངས་པའི་གཞུང་ལུ་ ཚེས་གྲངས་ཚུ་བཟོ་སྟེ་ བསྟར་སྤྱོད་འབད་དགོ་ཟེརཝ་ད་ འོས་འབབ་ཅིག་ མ་མཐོང་ཟེར་ཞུ་ཡི།

ཁོ་གིས་ རིམ་ལུགས་དེ་ གཏན་འཁེལ་སྦེ་ བཟོ་ཚར་ནི་བཟུམ་ཡོད་པ་ཅིན་ ཚེས་གྲངས་བཟོ་ནི་ལུ་ དཀའ་ངལ་མེད་རུང་ ད་རེས་ ལམ་ལུགས་བཟོ་ནི་དེ་ ཁག་འབགཔ་ལུ་ སྤྲོད་ནི་གི་ བྱ་རིམ་ནང་ཡོདཔ་ལས་ ཕྱིར་བཏོན་འབད་བ་ཅིན་ དྲག་ནི་མས་ཟེར་ཞུ་ཡི།

ཚོགས་ཆུང་གི་ཁྲི་འཛིན་ སྦོང་སྒོ་-སྐྱབས་ཆའི་འཐུས་མི་ ཚེ་དབང་ལྷ་མོ་གིས་ ཞུ་མིའི་ནང་ ནང་འཁོད་མཁས་མཆོག་ཚུ་གིས་ ཅ་ཆས་དང་ཞབས་ཏོག་གི་ ཁྲལ་ལམ་ལུགས་ཀྱི་ མཉེན་ཆ་བཟོ་རུང་ དགོས་མཁོ་ཅན་གྱི་ ཅ་ཆས་༣ མ་ཚང་མི་ལུ་བརྟེན་ ངོས་ལེན་འབད་ཚུགསཔ་ལས་ ལམ་ལུགས་དེ་ སྤྱི་ལོ་༢༠༢༥ ཟླ་༧ པའི་ཚེས་༡ ལས་ བསྟར་སྤྱོད་འབད་ནི་སྦེ་ ཕར་འགྱངས་འབད་ཡི་ཟེར་ཨིན་པས།

མོ་གིས་ ད་རེས་ ལམ་ལུགས་ནང་ ཅ་ཆས་དེ་ མ་ཚང་པར་ ལག་ལེན་འཐབ་པ་ཅིན་ ཁྲལ་འཛགས་ལུས་ཤོར་ནིའི་ ཉེན་ཁ་ཡོད་པའི་ཁར་ རྩིས་ཞིབ་རྐྱབ་ནི་གི་ ལམ་ལུགས་ཡང་ མ་ཚང་པར་ཡོདཔ་མ་ཚད་ ད་རེས་ དཔལ་འབྱོར་གྱི་ གནས་སྟངས་ལེགས་ཤོམ་མེད་མི་ནང་ ཁྲལ་བཀལ་ནི་ འགོ་བཙུགས་པ་ཅིན་ མི་མང་དང་ ཚོང་ལཱ་འབད་མི་ཚུ་ལུ་ གནོད་པ་སྦོམ་འབྱུང་ནི་མས་ཟེར་ཞུ་ཡི།

རིམ་ལུགས་བཟོ་ནིའི་ ཆ་ཤས་དེ་ ཐིམ་ཕུག་བརྡ་དོན་འཕྲུལ་རིག་གླིང་ག་ལུ་ ཁག་འབག་སྤྲོད་ཡོད་རུང་ འབད་མ་ཚུགསཔ་ལས་ ཆ་མེད་བཏང་ཡོདཔ་ད་ རིམ་ལུགས་གསརཔ་དེ་ བཟོ་ཚར་ནིའི་དོན་ལུ་ ད་རུང་ ལོ་༢ དེ་ཅིག་ འགོར་ནི་ཨིནམ་ལས་ གཞུང་གིས་ བསྟར་སྤྱོད་དེ་ ཕར་འགྱངས་འབད་ནུག།

དཔྱད་ཡིག་ངོ་སྤྲོད་འབད་བའི་སྐབས་ དངུལ་རྩིས་བློན་པོ་ རྣམ་རྒྱལ་ཚེ་རིང་གིས་ ད་ལྟོའི་ལས་སྣ་དེ་ འབྲུག་མི་སེར་རྒྱུ་ནོར་གཞི་བཟུང་འོག་གི་ ཐིམ་ཕུག་བརྡ་དོན་འཕྲུལ་རིག་གླིང་ག་གིས་ ཨར་མི་ནི་ཡ་ལས་ མཁས་མཆོག་ཚུ་འཚོལ་ཏེ་ མ་དངུལ་བསྡོམས་ དངུལ་ཀྲམ་ས་ཡ་༥༠༠ ལས་ དངུལ་ཀྲམ་ས་ཡ་༢༠༠ ཟད་འགྲོ་བཏང་མི་ལས་ དངུལ་ཀྲམ་ས་ཡ་༢༠ རྐྱངམ་གཅིག་ ཕྱི་མི་ལུ་ བྱིན་ནུག་ཟེར་ ཞུ་ཡོད་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

རྒྱ་ཚ་སྦིས་ལུ་ ཆུ་རུད་ཐོན་མིའི་ནང་ མི་༢ ལུ་ ཤི་རྐྱེན་དང་༣ འཚོལ་བའི་བསྒང་ཡོདཔ།

༉ ཁ་ཙ་ དྲོ་པའི་ཆུ་ཚོད་༢ དང་ སྐར་མ་༣༠ དེ་ཅིག་ཁར་ ལྷུན་རྩེ་ཀུར་སྟོད་རྒེད་འོག་ རྒྱ་ཚ་སྦིས་གཡུས་ཚན་ནང་ ཆུ་རུད་ཐོན་མི་དེ་གིས་ མི་༧ འཕྱགས་བདའ་ཡོདཔ་བཞིན་དུ་ ཉེན་སྲུང་སྡེ་ཚན་གྱིས་ ཕོ་སྐྱེས་༡ དང་ ཨམ་སྲུ་༢ …

Leave a Reply

Your email address will not be published. Required fields are marked *