ཅ་ཆས་དང་ཞབས་ཏོག་ཁྲལ་ འགོ་བཙུགས་ཏེ་ ཟླཝ་༨ ལང་པའི་ཤུལ་ལས་ ཁེ་ཕན་ཐོབ་དོ་ཡོདཔ།

༉ ན་ཧིང་ སྤྱི་ཟླ་༧ པའི་ཚེས་༡ ལུ་ རྒྱ་གར་རྒྱལ་ཁབ་ནང་ ཅ་ཆས་དང་ཞབས་ཏོག་གི་ཁྲལ་ འགོ་བཙུགས་པའི་སྐབས་ ཕུན་ཚོགས་གླིང་ལུ་ཡོད་མི་ སྣ་ཚོགས་ཚོང་ཁང་གི་ཇོ་བདག་ པདྨ་དབང་ཕྱུག་གིས་ ཁྲལ་གྱི་སྐོར་ལས་ ག་ནི་ཡང་ ཧ་མ་གོ་བའི་ཁར་ ཁོ་གིས་ འབྲུག་པའི་ཚོང་མགྲོན་པ་ཚུ་ལུ་ ཁྲལ་ལས་ཐོབ་མི་ ཁེ་ཕན་ཚུ་ ག་ནི་ཡང་ བྱིན་མ་ཚུགསཔ་ཨིན་པས།
སྣ་ཚོགས་ཚོང་ཁང་གི་ ཇོ་བདག་གིས་ བཤད་མིའི་ནང་ ཁྲལ་གྱི་་སྐོར་ལས་ ཁོ་གིས་ འདས་པའི་ཟླཝ་༨ ཀྱི་རིང་ འགོ་བཙུགས་ཏེ་འབད་རུང་ ག་ནི་ཡང་ ཉམས་མྱོང་མ་ཐོབ་ལས་ ཧ་མ་གོ་ཟེར་ཨིན་པས།
པདྨ་དབང་ཕྱུག་གིས་ སླབ་མིའི་ནང་ ཁོ་གི་ཚོང་ཁང་གི་དོན་ལུ་ ཅ་ཆས་མང་ཤོས་ར་ བཟོ་གྲྭ་ཁང་ནང་ལས་ ནང་འདྲེན་འབད་མི་ བཀྲིས་ཚོང་ལས་དང་ ཨེཌ་ཨི་ལེ་བཱེན་ཚོང་ཁང་ནང་ལས་ ཉོ་དོ་ཡོད་རུང་ གོང་ཚད་ཚུ་ མར་བབས་འགྱོ་ནི་མེད་ཟེར་ཨིན་པས།
གཞུང་གིས་ ཁྲལ་དེའི་སྐོར་ལས་ གསལ་བསྒྲགས་འབད་བའི་སྐབས་ ས་མཚམས་ཁྲོམ་སྡེ་ནང་སྡོད་མི་ཚུ་ནང་ ཅ་ཆས་ཀྱི་གོང་ཚད་ལུ་ ཁེ་ཏོག་ཏོ་སྦེ་འགྱོ་འོང་ཟེར་ སླབ་ནི་དེ་གིས་ འབྲུག་མི་མང་ཤོས་ཀྱིས་ གོང་ཚད་མར་འབབ་འགྱོ་ནིའི་ རེ་བ་བསྐྱེད་རུང་ ང་བཅས་ཀྱིས་ ཁྱད་པར་ཅིག་ ག་ནི་ཡང་ བཟོ་སར་མ་མཐོང་ཟེར་ཨིན་པས།
གོང་ཚད་མར་འབབ་འགྱོ་ནི་ཕར་བཞག་ ཅ་ཆས་ལ་ལོ་ཅིག་གི་ གོང་ཚད་དེ་ ཡར་སེང་སོང་སྟེ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཌི་ཊཱོལ་གླང་ལེབ་དང་ ལག་འཁྱུ་ནིའི་ ཐོན་སྐྱེད་རིགས་ཀྱི་ གོང་ཚད་མཐོ་ཤོས་བཞག་དགོ་མི་དེ་ ཡར་སེང་སོང་སྟེ་ཡོད་ཟེར་ པདྨ་དབང་ཕྱུག་གིས་བཤད་པའི་ཁར་ སོ་བཀྲུ་རིགས་ཀྱི་གོང་ཚད་དེ་ ཧེ་མ་ དངུལ་ཀྲམ་༥༠ ཡོད་ས་ལས་༤༥ ལུ་ བབས་སོང་ཡི་ཟེར་ཨིན་པས།
ཀུན་གསལ་གྱིས་ ཕུན་ཚོགས་གླིང་ལུ་ཡོད་མི་ ནང་འདྲེན་འབད་མི་ ཚོང་ཁང་ཚུ་དང་འགྱོ་ལྟཝ་ད་ གོང་ཚད་ཀྱི་ཁྱད་པར་བཟོ་ཡོདཔ་མ་མཐོང་པའི་ཁར་ ཇ་ཏཱན་ པར་སཱད་ ལཱལ་ཅཱཌི་ པྲ་སཱད་ཚོང་ཁང་གི་ འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ཁོང་གིས་ མང་ཤོས་ར་ བཀྲིས་ཚོང་ལས་ཁང་ལས་ ཉོ་ནི་དེ་གིས་ གོང་ཚད་ལུ་ ཁྱད་པར་དེ་ཅིག་ མིན་འདུག་ཟེར་ཨིན་པས།
ཅ་ཆས་དང་ཞབས་ཏོག་ཁྲལ་ འགོ་བཙུགས་མི་དེ་ རྒྱ་གར་ལུ་ ཅ་ཆས་ལུ་བཀལ་མི་ཁྲལ་ ཝེཊི་ཟེར་མི་གི་ཚབ་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ ཁྲལ་ལ་ལོ་ཅིག་ ཡར་མར་འགྱོ་ནི་དེ་གིས་ གོང་ཚད་ཀྱི་ཁྱད་པར་ ཐོན་ནི་འདུག་ཟེར་ཨིན་པས།
རྒྱ་གར་ལས་ནང་འདྲེན་འཐབ་མི་ ཁ་ཟས་བིསི་ཀིཌ་ཚུ་ཡང་ ཅ་ཆས་དང་ཞབས་ཏོག་ཁྲལ་ འགོ་བཙུགས་ནི་དེ་གིས་ བརྒྱ་ཆ་༡༨ མར་འབབ་འགྱོ་དགོཔ་ཅིག་ཨིན་རུང་ གོང་ཚད་ལུ་ འགྱུར་བ་མེདཔ་ད་ དབུར་སྨན་དང་ གླང་ལེབ་ མར་ཁུ་ མངར་ཟས་ དེ་ལས་ སོ་བཀྲུའི་རིགས་ཚུ་ མར་འབབ་འགྱོ་དགོཔ་ཨིན་རུང་ ད་ལྟོ་ཡང་ ཁྱད་པར་ཅིག་མེདཔ་ཨིན་པས།
རྣམ་སྲས་སྨན་ཚོང་ཁང་གི་ ལས་བྱེདཔ་ཅིག་གིས་སླབ་མིའི་ནང་ ཅ་ལ་ལོ་གི་གོང་ཚད་ མར་བབས་སོང་སྟེ་ཡོད་ཟེར་ སླབ་ཨིན་རུང་ དུམ་གྲ་ཅིག་ལས་བརྒལ་ མར་འབབ་མ་འགྱོ་བས་ཟེར་ཨིན་པས།
དེ་ཡང་ གློག་ཆས་ཀྱི་ གོང་ཚད་ཚུ་ལུ་ ཁྱད་པར་སོང་སྟེ་ཡོདཔ་ད་ སྒྲོལ་མ་ཚོང་ལས་ཁང་གི་འཛིན་སྐྱོང་པ་ བི་ ཨེལ་ཤར་མ་གིས་བཤད་མིའི་ནང་ ཁྲལ་དེ་ འགོ་བཙུགས་མི་དེ་གིས་ གློག་ཆས་ཀྱི་གོང་ཚད་མང་ཤོས་ མར་བབས་སོང་སྟེ་ཡོད་ཟེར་ཨིན་པས།
ཁོང་གི་ ཚོང་ཁང་ནང་བཙོང་མི་ ཅ་ཆས་མང་ཤོས་ར་ ཁྲལ་བརྒྱ་ཆ་༡༨ མར་ཕབ་འབད་དགོ་པའི་ ཐོ་ནང་ཚུད་དེ་ཡོདཔ་ལས་ མར་ཕབ་འབད་དེ་ བྱིན་དོ་ཟེར་ཨིན་པས།
སྒྲོལ་མ་ཚོང་ལས་ཁང་ནང་ རླུང་ཡབ་ལུ་ དངུལ་ཀྲམ་༡,༦༤༠ ཨིན་རུང་ བརྒྱ་ཆ་༣༠ དང་༢༥ དེ་ཅིག་ མར་ཕབ་འབད་དེ་ བཙོང་དོ་ཟེར་ཨིནམ་ད་ དངུལ་ཀྲམ་༡༥,༤༥༠ འབད་མི་ གོ་ཌེ་རེཇ་ ཁྱེགས་སྒྲོམ་དེ་ ད་རེས་ དངུལ་ཀྲམ་༡༡,༤༠༠ སྦེ་ བཙོང་དོ་ཡོདཔ་ལས་ བརྒྱ་ཆ་༢༥ དེ་ཅིག་ མར་ཕབ་འབད་ཡོདཔ་ཨིན་པས།
བི་ཨེལ་ ཤར་མ་གིས་ བཤད་མིའི་ནང་ དེ་བཟུམ་མའི་ གོང་ཚད་མར་ཕབ་ཚུ་ ས་མཚམས་ཁར་ལས་ཕར་ བཙོང་མི་ཚུ་གིས་ བྱིན་ནི་མིན་འདུག་ཟེར་ཨིནམ་ད་ གློག་ཆས་ཚུ་འབད་བ་ཅིན་ འབྲུག་ལུ་བཙོང་མི་ཚུ་ གོང་ཁེ་བས་ཟེར་ཨིནམ་ད་ ཁྲལ་དེ་ལས་ཐོབ་མི་ ཁེ་ཕན་ཚུ་ མི་མང་ལུ་ཡང་ བྱིན་དོ་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོང་གི་ཚོང་ཁང་ནང་ལས་ ཅ་ཆས་ག་ར་ལུ་ བརྒྱ་ཆ་༡༠ དང་༡༥ འི་བར་ན་ མར་ཕབ་འབད་དེ་ བཙོང་དོ་ཟེར་ཨིནམ་ད་ དེ་ཡང་ སྒྲོལ་མ་ཚོང་ཁང་གིས་ ཅ་ཆས་བཟོ་སྐྲུན་འབད་ས་ལས་ ཐད་ཁར་ལུ་ ཉོ་ནི་དེ་གིས་ཨིན་པས།
ཁྲལ་དེ་ འགོ་བཙུགས་པའི་ཤུལ་ལས་ ས་མཚམས་ཁར་ཡོད་མི་ ཅ་དམ་ཡིག་ཚང་ཚུ་གིས་ ལམ་ཡིག་ཆོག་ཐམ་ཚུ་བྱིན་ནི་ལུ་ གདོང་ལེན་བྱུང་སྟེ་ཡོདཔ་ལས་ དོ་འབག་མི་ འབྲུག་པའི་སྣུམ་འཁོར་ཊཱག་ཚུ་ བསྒུག་སྡོད་དགོཔ་ ཐོན་དོ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ནངས་པར་ ཅ་དམ་ཡིག་ཚང་གི་ཞབས་ཏོག་ཚུ་ ལེགས་ཤོམ་སོང་ཡོདཔ་ ཨིན་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

 

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *