༉ བསམ་གྲུབ་ལྗོངས་མཁར་གྱི་ ཕྱིར་ཚོང་འཐབ་མི་ཚུ་ དུས་ཅི་ ཚལ་ལུའི་ཐོན་སྐྱེད་དང་ གོང་ཚད་ལེགས་ཤོམ་ཡོད་མི་ལུ་བརྟེན་ སེམས་དགའ་རུང་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ ངོ་སྦྱོར་ལག་ཁྱེར་བཟོ་འཐུས་ ཡར་སེང་འབད་མི་ལུ་ སེམས་དང་མ་ལྡན་པར་འདུག།
འབྲུག་ཕུན་སུམ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ སྨོན་ལམ་བསྟན་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ལོ་༢༠༡༧ ཚུན་ དངུལ་ཐོག་ཚལ་ལུ་ཚུ་ བང་ལ་དེཤ་ལུ་ བཏང་པའི་སྐབས་ ངོ་སྦྱོར་ལག་ཁྱེར་བཟོ་ནིའི་དོན་ལུ་ ཟ་ཆས་ཁྲིམས་དོན་དབང་འཛིན་ལུ་ འཐུས་དངུལ་ཀྲམ་༥༠ མ་གཏོགས་ སྤྲོད་མི་དགོ་ཟེར་ཨིན་པས།
ཚོང་མགྲོན་པ་ཚུ་གིས་ ཚལ་ལུ་ཟ་སྤྱོད་འབད་བཏུབ་པའི་ ངོ་སྦྱོར་ལག་ཁྱེར་དང་ གཙང་སྦྲའི་ལག་ཁྱེར་ དེ་ལས་ འོད་རླབས་ཁྱབ་སྤེལ་མེད་པའི་ ལག་ཁྱེར་ཚུ་ འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་ལས་ ལེན་དགོ་པའི་ཁར་ ལག་ཁྱེར་ཚུ་ཡང་ ཚལ་ལུ་ཊག་དོས་རེ་ལུ་ རེ་རེ་བཟོ་དགོཔ་ཨིན་པས།
སྨོན་ལམ་བསྟན་འཛིན་གྱིས་ སླབ་མིའི་ནང་ ཧེ་མ་ ངོ་སྦྱོར་ལག་ཁྱེར་༣ གྱི་དོན་ལུ་ འཐུས་དངུལ་ཀྲམ་༥༠ འབད་མི་དེ་ ད་རེས་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱིས་ དངུལ་ཀྲམ་༣༠༠ ལུ་ ཡར་སེང་འབད་མི་དེ་ གནད་དོན་ག་ཅི་ལུ་ གཞི་བཞག་སྟེ་ ཡར་སེང་འབདཝ་ཨིན་ན་ ཧ་གོ་མ་ཚུགསཔ་ལས་ དུམ་གྲ་ཅིག་ སེམས་དང་མ་ལྡན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་ལུ་ དྲིས་བསྟུན་འབད་བའི་སྐབས་ ཡིག་ཚང་ལྟེ་བ་ལས་ར་ ཡར་སེང་འབད་དེ་ཡོདཔ་ལས་ ཁོང་གིས་ འབད་ཐབས་མེདཔ་སྦེ་ སླབ་ཨིན་རུང་ དབང་འཛིན་གྱིས་ དངུལ་ཀྲམ་༥༠ ལས་༣༠༠ ལུ་ ཡར་སེང་འབད་མི་དེ་ འོས་འབབ་མ་མཐོང་ཟེར་ཨིན་པས།
ཤེས་རབ་མཐུན་འབྲེལ་ཕྱིར་ཚོང་ཇོ་བདག་ ཤེས་རབ་བཟང་པོ་གིས་ སླབ་མིའི་ནང་ ངོ་སྦྱོར་ལག་ཁྱེར་གྱི་འཐུས་ དངུལ་ཀྲམ་༣༠༠ མེན་པར་ དངུལ་ཀྲམ་༡༥༠ ལུ་ མར་ཕབ་འབད་དགོ་པའི་སྐོར་ འཕྲལ་ཁམས་ཅིག་ཁར་ ཕྱིར་ཚོང་མཐུན་འབྲེལ་ཚོགས་པའི་ ཞལ་འཛོམས་འཚོགས་པའི་སྐབས་ དབང་འཛིན་གྱི་ ངོ་ཚབ་ལུ་ ཞུ་བ་འབད་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དབང་འཛིན་གྱིས་ ངོ་སྦྱོར་ལག་ཁྱེར་གྱི་དོན་ལུ་ འཐུས་དངུལ་ཀྲམ་༣༠༠ ག་ཅི་སྦེ་ ལེནམ་ཨིན་ན་ ཧ་མ་གོ་ཟེར་ཨིནམ་ད་ ཞལ་འཛོམས་སྐབས་ དབང་འཛིན་ངོ་ཚབ་ཀྱིས་ འཐུས་དངུལ་ཀྲམ་༡༥༠ ལུ་ མར་ཕབ་ཀྱི་དོན་ལུ་ ཡིག་ཚང་ལྟེ་བ་དང་གཅིག་ཁར་ གྲོས་བསྟུན་འབད་ནི་སྦེ་ སླབ་ཡོདཔ་ལས་ ད་ལྟོ་ ལན་གསལ་ག་ནི་ཡང་ མ་ཐོབ་ཟེར་ཨིན་པས།
ཕྱིར་ཚོང་པ་ཚུ་གིས་ སླབ་མིའི་ནང་ ཚལ་ལུ་ཊག་དོས་རེ་ལུ་ ངོ་སྦྱོར་ལག་ཁྱེར་གྱི་འཐུས་ དངུལ་ཀྲམ་༣༠༠ རེ་ སྤྲོད་དགོ་པ་ཅིན་ ཚོང་འབྲེལ་དེ་ལུ་ ཁེ་སང་མི་འོང་ནི་མས་ཟེར་ཨིནམ་ལས་ ཞལ་འཛོམས་སྐབས་ ཕྱིར་ཚོང་པ་ཚུ་གིས་ དངུལ་ཀྲམ་༡༥༠ ལུ་ མར་ཕབ་འབད་དགོ་པའི་ གྲོས་འཆར་བཀོད་དོན་ལྟར་ མར་ཕབ་འབད་ཚུགས་པ་ཅིན་ ཕན་ཐོགས་འབྱུང་ནི་མས་ཟེར་ཨིན་པས།
འབྲུག་སོ་ནམ་དང་ ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ འཐུས་དངུལ་ཀྲམ་༣༠༠ ལུ་ ཡར་སེང་འབད་མི་དེ་ བརྟག་ཞིབ་ཁྲིམས་ལུགས་དང་ སྒྲིག་གཞི་བསྐྱར་ཞིབ་འབད་མི་དང་འཁྲིལ་ཨིན་པའི་ཁར་ འོད་རླབས་ཁྱབ་སྤེལ་མེད་པའི་ བརྟག་ཞིབ་འབད་ནིའི་དོན་ལུ་ རྒྱལ་ཁབ་ནང་འཕྲུལ་ཆས་མེདཔ་ལས་ རྒྱ་གར་དང་ བེང་ཀོག་ལུ་ བཏང་བའི་སྐབས་ ཟད་འགྲོ་ལེ་ཤ་གནས་དོ་ཡོད་མི་ལུ་བརྟེན་ཨིན་ཟེར་ ཡིག་ཚང་ལྟེ་བའི་ བཀའ་རྒྱའི་ནང་ བཀོག་ནུག་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཞལ་འཛོམས་སྐབས་ ངོ་སྦྱོར་ལག་ཁྱེར་གྱི་འཐུས་ དངུལ་ཀྲམ་༣༠༠ ལུ་ ཡར་སེང་འབདཝ་ད་ ཕྱིར་ཚོང་པ་ཚུ་ལུ་ བརྡ་ལེན་འབད་ཡི་ཟེར་ཨིནམ་ད་ དེ་སྐབས་ ཁོང་གིས་ དངུལ་ཀྲམ་༡༥༠ ལུ་ མར་ཕབ་འབད་དགོཔ་སྦེ་ སླབ་ཡོདཔ་ལས་ ཁོང་ར་གིས་ ཡིག་ཚང་ལྟེ་བ་ལུ་ ཞུ་ཡིག་བཙུགས་ཟེར་ སླབ་ཅི་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ འབད་བ་ཅིན་ ཡིག་ཚང་ལྟེ་བ་ལས་ དངུལ་ཀྲམ་༡༥༠ ལུ་ མར་ཕབ་འབད་དགོ་པའི་ བཀའ་རྒྱ་ལྷོད་པ་ཅིན་ དེ་དང་འཁྲིལ་ ལག་ལེན་འཐབ་ནི་ཟེར་ཨིན་རུང་ ད་ཚུན་ལུ་ དངུལ་ཀྲམ་༣༠༠ རེ་ལེན་མི་ཚུ་ ལོག་སྤྲོད་ནིའི་ཐད་ཁར་ མ་དངུལ་དེ་ གཞུང་གི་འོང་འབབ་ནང་ འགྱོ་དོ་ཡོདཔ་ལས་ སླབ་མི་ཚུགས་ནི་ཨིནམ་ལས་ ཡིག་ཚང་ལྟེ་བའི་ བཀའ་རྒྱ་དང་བསྟུན་ བསྟར་སྤྱོད་འབད་ནི་ཟེར་ ཨིན་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།