ངལ་གསོ་སྐབས་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ བདག་འཛིན་འཐབ་དགོཔ།

༉ ད་རེས་ རྒྱལ་ཁབ་ནང་འཁོད་ཀྱི་ སློབ་གྲྭ་ཚུ་ཆ་མཉམ་ར་ གནམ་བྱཱར་གྱི་ངལ་གསོའི་དོན་ལུ་ སྒོ་བསྡམས་ཡོད་པའི་ཁར་ སློབ་ཕྲུག་ཚུ་ཡང་ རང་སོའི་ ཕམ་དང་སྤུན་ཆ་ཚུ་དང་གཅིག་ཁར་ སྡོད་དོ་ཡོདཔ་ལས་ ང་བཅས་ར་ དྲན་ཤེས་ཐོག་ བདག་འཛིན་འཐབ་དགོཔ་འདུག།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ དུས་ཚོད་འ་ནེམ་ཅིག་ཁར་ ཕམ་སྤུན་ཆ་དང་ རྒས་ཤོས་ཚུ་གིས་ ཨ་ལོ་ཚུ་ བདག་འཛིན་འཐབ་སྟེ་ བསླབ་བཀོད་ཚུ་ ལེགས་ཤོམ་སྦེ་མ་བྱིན་པ་ཅིན་ ཆ་རོགས་ངན་པའི་དབང་དུ་ཐལ་ཏེ་ ཡུདཔ་ཐེངས་གཅིག་ནང་ར་ ཁྲིམས་འགལ་བྱ་ངན་ཚུ་ནང་ གྲལ་གཏོགས་འབད་ནིའི་ ཉེན་ཁ་ཡོད་ནི་དེ་གིས་ཨིན།
གཅིག་ལས་བལྟ་བ་ཅིན་ ད་རེས་ གནམ་བྱཱར་གྱི་དུས་ཚོད་འདི་ནང་ ང་བཅས་རའི་ གཡུས་ཚན་ཁག་ལས་ཕར་ སོ་ནམ་གྱི་ལཱ་ཚུ་ འུར་བྱེལ་འཐབ་སྟེ་འབད་དོ་ཡོདཔ་ལས་ སློབ་ཕྲུག་ཨ་ལོ་ཚུ་གིས་ རང་སོའི་གཡུས་ཁར་སོང་ཞིནམ་ལས་ ཕམ་ཚུ་དང་གཅིག་ཁར་ ལཱ་རུབ་འབད་ནིའི་དུས་ཚོད་ གནད་འགག་ཅན་ཅིག་ཨིན་མས།
མནོ་བསམ་བཏང་ཤེས་མི་ ཨ་ལོ་ཚུ་གིས་ གཡུས་ཁའི་ཞིང་ནང་ སོ་ནམ་གྱི་ལཱ་ཚུ་ འབད་དོ་ཡོདཔ་ཨིན་རུང་ ལ་ལོ་ཅིག་གིས་ ཁྲོམ་སྡེ་ཚུ་ནང་ སྤྱང་འཁྱམས་སྡོད་སར་ མཐོངམ་ཨིན་མས།
སློབ་དཔོན་ཚུ་གི་དོན་ལུ་འབད་བ་ཅིན་ ཨ་རྟག་ར་ སློབ་ཁང་ནང་ དྲོ་པ་ལས་ཕྱི་རུ་ཚུན་ རང་སོའི་ སློབ་སྟོན་རེའུ་མིག་དང་འཁྲིལ་ཏེ་ འདུ་འཛི་ཐོག་ལུ་སྡོད་མི་དེ་ ད་རེས་ ཡུདཔ་ཐེངས་ཅིག་ ངལ་གསོ་ཐོབ་མི་དེ་ ངལ་སངས་དུས་ཚོད་ ལེགས་ཤོམ་ཅིག་ཨིན་མས།
འདས་པའི་ལོ་ནང་ ཤེས་རིག་ལྷན་ཁག་གིས་ གནམ་བྱཱར་གྱི་ ངལ་གསོའི་དུས་ཚོད་དེ་ དུམ་གྲ་ཅིག་ ཡུན་རིང་སུ་བཟོ་བའི་སྐབས་ སྤྱིར་བཏང་འབྲུག་མི་ཚུ་གི་སེམས་ཁར་ དོགས་སྣང་ཆགས་ཡོདཔ་མ་ཚད་ ལ་ལོ་ཅིག་གིས་ མི་སྡེ་བརྡ་བརྒྱུད་ཚུ་ནང་ ངལ་གསོ་ཡར་སེང་འབད་མི་ལུ་བརྟེན་པའི་ ཕན་པ་དང་ གནོད་པ་ཡོད་ལུགས་ཚུ་གི་སྐོར་ལས་ བསམ་འཆར་འདྲ་མིན་སྣ་ཚོགས་ གསལ་བཀོད་འབད་ཡི།
ཨིན་རུང་ ད་རེས་འབདཝ་ད་ དབང་འཛིན་ཚུ་གིས་ མནོ་བསམ་ལེགས་ཤོམ་བཏང་སྟེ་ འཆར་གཞི་བརྩམས་ཐོག་ལས་ ངལ་གསོའི་དུས་ཡུན་ ཡར་སེང་འབད་འབདཝ་ཨིན་པའི་ ཤེས་རྟོགས་བྱུང་ནུག།
ངལ་གསོའི་དུས་ཚོད་འདི་ནང་ དམིགས་བསལ་དུ་ སློབ་ཕྲུག་ཨ་ལོ་ཚུ་ འབྲེལ་འཛིན་བཞག་ནིའི་དོན་ལུ་ ས་གནས་ཐདམ་ཐད་ཁ་ལས་ཕར་ ལས་རིམ་ལེ་ཤ་ཅིག་ར་ འགོ་འདྲེན་འཐབ་སྟེ་འདུག།
དེ་འབདཝ་ད་ ལས་རིམ་ཚུ་ཆ་མཉམ་ར་ ཆུང་ཀུ་ཨིན་པའི་ཁར་ གདམ་འཐུ་ཅན་གྱི་ སྡེ་ཚན་ཚུ་ཨིནམ་ལས་ ཨ་ལོ་དག་པ་ཅིག་གིས་མ་གཏོགས་ གྲལ་གཏོགས་འབད་མ་ཚུགསཔ་ལས་ སྤྱིར་བཏང་ཨ་ལོ་ཚུ་ལུ་ གོ་སྐབས་མེདཔ་ཨིན་པས།
དཔེ་འབད་བ་ཅིན་ ཕམ་འབྱོར་པ་ཅན་གྱི་ཨ་ལོ་ཚུ་ རྒྱལ་ཁབ་ཕྱི་ཁར་ བཟའ་ཚང་དང་གཅིག་ཁར་ ངལ་སངས་དོན་ལུ་ འཕུར་འགྲུལ་འབད་དོ་ཡོདཔ་ད་ དེ་བཟུམ་སྦེ་ རིག་རྩལ་ཅན་དང་ ལྕོགས་གྲུབ་ཅན་གྱི་ ན་གཞོན་ཚུ་གིས་ ངལ་གསོའི་དུས་ཚོད་མ་རྫོགས་ཚུན་ ཁོང་གི་དོན་ལུ་ དམིགས་བསལ་ལས་རིམ་བཟོ་མི་ཚུ་ནང་ གྲལ་གཏོགས་འབད་དེ་ སྡོདཔ་ཨིན་རུང་ གྱངས་ཁ་ཉུང་སུ་ཅིག་ཨིན་མས།
དྲི་བ་བཀོད་དགོཔ་དེ་ར་ ཨ་ལོ་གཞན་མི་ཚུ་གི་དོན་ལུ་ གོ་སྐབས་ག་ཅི་བཟོ་ཡོདཔ? ཕམ་ཚུ་གིས་ ག་ཅི་འབད་དོ་ག? ང་བཅས་ར་ ཤེས་དགོཔ་འདུག།
ཁྲོམ་སྡེ་ཚུ་ནང་བལྟ་བ་ཅིན་ ཕམ་ཚུ་ ཁོང་རའི་ལཱ་འབད་སྡོད་དེ་ ཨ་ལོ་ཚུ་ སྣང་མེད་སྦེ་ བཀོག་བཞག་པའི་ མངོན་གསལ་བྱུངམ་ད་ ཉེན་ཁ་སྦོམ་ཡོདཔ་ལས་ རྒྱབ་སྐྱོར་འབད་དགོཔ་གལ་ཆེ་བས།
རྒྱུ་མཚན་འདི་ལུ་བརྟེན་ ངལ་གསོ་ལས་བཀུགཔ་ད་ སློབ་ཕྲུག་ལ་ལོ་ཅིག་གིས་ ཁྲིམས་འགལ་བྱ་ངན་ཚུ་ འབད་མི་ལུ་བརྟེན་ ལོག་སློབ་གྲྭ་ནང་ ལྷོད་མི་ཚུགས་ནིའི་ ཉེན་ཁ་ཡང་འདུག།
དུས་ཚོད་འ་ནེམ་ཅིག་ཁར་ ཕམ་ཚུ་གིས་ རང་སོའི་ཨ་ལོ་ཚུ་ལུ་ ཁ་བཀོད་བསླབ་བྱ་བྱིན་ནི་དང་ ལས་རིམ་ཚུ་ནང་ གྲལ་གཏོགས་འབད་བཅུག་ནིའི་ འགན་ཁུར་ངེས་ཏིག་སྦེ་ར་ འབག་དགོཔ་འདུག།

About admin

Check Also

སྲིད་བྱུས་ཀྱིས་ སྒེར་གྱི་ལས་བྱེདཔ་ཚུ་ རྒྱབ་སྐྱོར་འབད་ནི་ལུ་འཐུས་ཤོར།

༉ མི་མང་དང་ ལས་འཛིན་གྱི་ ལས་བྱེདཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ཡོདཔ་ཨིན་རུང་ སྒེར་སྡེའི་ནང་ ལཱ་འབད་མི་ལས་བྱེདཔ་ཚུ་ལུ་ དངུལ་ཕོགས་ཡར་སེང་འབད་ནི་ཕར་བཞག་ ཨ་རྟག་གི་ཐོབ་ཚད་ལས་ ཉུང་སུ་སྦེ་ བྱིན་དོ་ཡོདཔ་ཨིན་པས། སྒེར་སྡེའི་བཀོད་ཁྱབ་འགོ་དཔོན་ཚུ་གི་ དངུལ་ཕོགས་དེ་ མི་མང་དང་ ལས་འཛིན་ཚུ་གི་ …

Leave a Reply

Your email address will not be published. Required fields are marked *