ངན་ལྷད་ཟེར་མི་དེ་ ག་ཅི་བཟུམ་ཅིག་ལུ་ གོཝ་ཨིན་ན?

༉ ད་རེས་ནངས་པར་ སྲིད་དོན་ཚོགས་པ་༤ གི་ འདེམས་ངོ་ཚུ་གིས་ མི་མང་རྩོད་འགྲན་ཚུ་ནང་ ངན་ལྷད་ཀྱི་ གནད་དོན་ཚུ་གི་སྐོར་ལས་ དྲི་བ་དྲིས་ལན་ཐོག་ གྲོས་བསྡུར་འབད་མི་དེ་གིས་ སྲིད་ཚོགས་གང་རུང་ གཞུང་སྐྱོང་ནིའི་ གོ་སྐབས་འཐོབ་པ་ཅིན་ ངན་ལྷད་སྔོན་འགོག་གི་ ཐབས་ལམ་བཏོན་ནི་ལུ་ ལྷན་ཐབས་འབྱུང་ནི་ཨིན་མས།

སྲིད་དོན་པ་ཚུ་གིས་ ངན་ལྷད་ལུ་ གདོང་ལེན་ག་དེ་སྦེ་ འབད་ནི་ཨིན་ན་དང་ མི་སྡེའི་ནང་ རྩ་ལས་ར་ བཟོད་བསྲན་འབད་མ་ཚུགསཔ་ བཟོ་ནི་གི་ ཁས་བླངས་ཚུ་ འབདཝ་ཨིན་རུང་ གཅིག་གིས་གཅིག་ལུ་ དྲི་བ་བཀོད་ཐངས་དང་ ལན་སླབ་ཐངས་ དེ་ལས་ གྲོས་བསྡུར་འབད་ཐངས་ལུ་ བལྟ་བ་ཅིན་ ངན་ལྷད་ཀྱི་ ངེས་ཚིག་དེ་ར་ ལེགས་ཤོམ་སྦེ་ ཧ་མ་གོཝ་བཟུམ་ཅིག་མཐོངམ་མས།

ངན་ལྷད་ཟེར་མི་དེ་ རྩོད་འགྲན་པ་ཚུ་གིས་ གོ་བ་ལེན་དོ་བཟུམ་ གཞུང་དངུལ་ལོག་སྤྱོད་འབད་མི་རྐྱངམ་གཅིག་ལུ་ གོ་ནི་མེན་པར་ ངན་པ་ག་ཅི་ནང་འབད་རུང་ ལྷད་ཞུགས་མི་ཚུ་ལུ་ ངན་ལྷད་ཟེར་ སླབ་དོ་ཡོདཔ་ད་ ངན་ལྷད་ལྷམ་པ་མ་འདྲཝ་ ལེ་ཤ་ཡོད་མི་དེ་ཡང་ མི་མང་ཐོན་ཁུངས་ནང་ མི་མང་གི་ མ་དངུལ་དང་ རྒྱ་དངོས་ མི་སྟོབས་ཐོན་ཁུངས་ དབང་འཛིན་ བརྡ་དོན་ དུས་ཚོད་ རང་བཞིན་ཐོན་ཁུངས་ གཞན་ཡང་ནང་འཁོད་ལས་དང་ ཕྱི་ཁའི་འབྱུང་ཁུངས་ཚུ་གི་ཐོག་ལས་ བཟོ་ཡོད་པའི་ ཐོན་ཁུངས་གཞན་གྱི་རིགས་ཚུ་ ཚུལ་མིན་ལོག་སྤྱོད་དང་ ལྐོག་ཟ་འབད་བ་ཅིན་ ངན་ལྷད་གྲངས་སུ་ཚུདཔ་ཨིན།

ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མ་དང་འཁྲིལཝ་ད་ མི་ཅིག་གིས་ སྤྱི་གཡོགཔ་ལུ་ དགའ་ཚོར་གྱི་འཐུས་དང་ ཡང་ཅིན་ ཆ་རོགས་འབད་ནིའི་ ཁས་བླངས་འབད་བའམ་ སྤྲོད་འདོད་བརྗོད་པ་ དེ་ལས་ ཐད་ཀར་ ཡང་ཅིན་བརྒྱུད་དེ་ བྱ་བ་གང་རུང་ བསྒྲུབས་པའམ་ བསྒྲུབ་ནི་ལས་འཛེམ་པ་ ཡང་ཅིན་ བསྒྲུབས་ཚར་བའམ་ བསྒྲུབ་ནི་ལས་ འཛེམ་པ་ཅིན་ ངན་ལྷད་ཨིནམ་སྦེ་བརྩི་དགོཔ་ཨིན་མས།

དེ་མ་ཚད་ སྤྱི་གཡོགཔ་གིས་ སྤྱི་གཡོགཔ་གཞན་ལུ་ བྱ་བ་ཅིག་ བསྒྲུབ་ནི་ལུ་ ཚ་ངེར་བཏོན་པ་ ཡང་ཅིན་ ཡུན་འགྱངས་བཞག་པ་ ཐེ་གཏོགས་འབད་བ་ སྔོན་འགོག་འབད་ནི་ཚུ་ ངན་ལྷད་གྲངས་སུ་ ཚུདཔ་བཞིན་དུ་ མི་མང་ལས་སྡེ་དང་གཅིག་ཁར་ ཚོང་ལཱ་གང་རུང་གི་སྤྲོད་ལེན་ནང་ མི་ངོ་གཞན་ཅིག་ལུ་ གྲོགས་རམ་འབད་བ་ ཡང་ཅིན་ མཐུན་འགྱུར་འཐབ་མི་ཚུ་ གནོད་འགེལ་ཅིག་གི་ ཉེས་སྐྱོན་ཨིནམ་སྦེ་ བརྩི་དགོཔ་ཨིན་མས།

འདི་བཟུམ་སྦེ་ ངན་ལྷད་གྲངས་སུ་ ཆགས་སྡང་ཕྱོགས་རིས་ ནང་གསུག་ གྱོས་ངན་ མི་མང་བཙག་འཐུའི་ནང་ གཡོ་སྒྱུ་འབད་ནི་ ཁྲིམས་འགལ་གྱི་ ཚོང་རིག་དང་ ཚོང་འབྲེལ་ ཁྲལ་འབབ་ལས་ཟུར་ནི་ ཁེ་དབང་གི་ བརྡ་དོན་ལོག་སྤྱོད་འབད་མི་ཚུ་ཚུདཔ་ཨིན།

དེ་འབདཝ་ད་ ངན་ལྷད་ཚུ་གི་གྲས་ལས་ མགུ་རྙོགས་དྲགས་དེ་ར་ སྲིད་བྱུས་དང་འབྲེལ་བའི་ ངན་ལྷད་ཨིནམ་ད་ འདི་བཟུམ་མའི་ གནད་དོན་ནང་ ཐ་ན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ དམིགས་བསལ་གྱི་ མཁས་མཆོག་ཡོད་ན་མ་གཏོགས་ དེ་མིན་ སྲིད་བྱུས་ཀྱི་ ངན་ལྷད་བདའ་ཟུན་ཚུགས་པར་ ལཱ་ཁག་བཏངམ་ཨིན་མས།

ངན་ལྷད་ཀྱི་ སྲིད་བྱུས་དེ་ ཚོང་སྡེ་གཅིག་དང་གཉིས་ལུ་དང་ ཡང་ཅིན་ སྲིད་ཚོགས་དང་ འབྲེལ་གནད་ཡོད་པའི་ མི་ངོམ་དང་ རྒྱབ་སྐྱོར་པ་ཚུ་ལུ་ ཁེ་ཕན་འབྱུང་ནི་ལུ་དམིགས་ཏེ་ བརྩམས་མི་ལུ་སླབ་ཨིན།

ད་རེས་ནངས་པར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཉོགས་བཤད་མང་ཤོས་ར་ ལས་སྡེ་ཚུ་ནང་ ལས་བྱེདཔ་གསར་བཙུགས་སྐབས་ ཉེ་རིང་དང་ མཐུན་འགྱུར་ལ་སོགས་པའི་ ངན་ལྷད་ཚུ་ ལག་ལེན་འཐབ་དོ་ཡོད་པའི་སྐོར་ བཀོད་དོ་ཡོདཔ་ད་ ད་རེས་སྲིད་དོན་ངོ་ཚབ་ཚུ་གིས་ རྒྱང་མཐོང་རྩོད་བསྡུར་ནང་ ངན་ལྷད་དང་འབྲེལ་བའི་ གནད་དོན་ཚུ་གི་སྐོར་ལས་ ལོ་རྒྱུས་སླབ་ཨིན་རུང་ གོང་ལུ་འཁོད་མི་ ངན་ལྷད་འདྲ་མིན་སྣ་ཚོགས་ཀྱི་སྐོར་ གྲོས་བསྡུར་གནང་པ་ཅིན་ དེ་ཚུ་ སྔོན་འགོག་འབད་ནིའི་ ཐབས་ལམ་ཚུ་ཡང་ བརྗེ་སོར་འབད་ཚུགས་ནི་ཨིན་མས།

འདི་འབདཝ་ལས་ རྩོད་བསྡུར་སྐབས་ ཕན་རླབས་ཆེ་བའི་ གྲོས་བསྡུར་འབད་ཚུགས་ནིའི་དོན་ལུ་ སྲིད་དོན་པ་ཚུ་གིས་ གནད་དོན་ག་ཅི་ནང་ར་ཨིན་རུང་ དེ་གི་ངེས་ཚིག་དང་ རྒྱབ་ཁུངས་ཚུ་ སྔ་གོང་ལས་ར་ ཞིབ་འཚོལ་འབད་དེ་ གྲ་སྒྲིག་འབད་དགོཔ་འདི་ གལ་ཆེཝ་སྦེ་མཐོངམ་མས།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *