ངན་ལྷད་མེདཔ་བཟོ་ནི་ལུ་ ལཱ་ཁག་ཡོད་རུང་ ལས་སྡེ་ཚུ་གིས་ གདོང་ལེན་དམ་སྒྲིང་འབད་དགོཔ།

༉ ཁ་ཙ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རང་སྐྱོང་ལས་སྡེ་༣༠ ལྷགཔ་ཅིག་ལུ་ ལྷན་ཚོགས་ཀྱིས་ ལོ་ལྔའི་འཆར་གཞི་༡༢ པའི་ནང་ ངན་ལྷད་དང་འབྲེལ་བའི་དོན་ཚན་ཚུ་ འཆར་གཞི་ནང་ མཉམ་སྡེབ་འབད་ཐབས་ལུ་ གོ་བརྡའི་ལས་རིམ་ཅིག་ འགོ་འདྲེན་འཐབ་ཅི།
ལྷན་ཚོགས་ཀྱི་ཁྲི་འཛིན་ ཀུན་ལེགས་གཡང་འཛོམས་ཀྱིས་ ཨེ་ཤི་ཡ་ལུང་ཕྱོགས་ནང་ འབྲུག་རྒྱལ་ཁབ་འདི་ ངན་ལྷད་ཀྱི་གནས་ཚད་ དམའ་ཤོས་ཡོད་པའི་ རྒྱལ་ཁབ་ཅིག་ཨིན་རུང་ གནས་ཚད་དེ་ འཕྲོ་མཐུད་ཡར་དྲག་གཏང་ནི་ལུ་ ངན་ལྷད་ཀྱི་ གདོང་ལེན་ཚུ་ འབད་དགོ་ཟེར་བཤད་ཅི།
མོ་གིས་ བཤད་མིའི་ནང་ སྤྱི་ལོ་༢༠༢༠ ལས་ ཨེ་ཤི་ཡ་ལུང་ཕྱོགས་ནང་ ངན་ལྷད་ཀྱི་གནས་ཚད་༢༠ གུ་ བཞག་ནིའི་ཁས་བླངས་ཡོད་རུང་ གོང་འཕེལ་འགྱོ་བའི་བསྒང་ཡོད་མི་ རྒྱལ་ཁབ་ཚུ་གི་སྦུག་ལུ་ གདོང་ལེན་སྦོམ་འདུག་ཟེར་བཤད་ཅི།
མིའི་སེམས་ཁར་ ངན་ལྷད་མེདཔ་བཟོ་ནི་དེ་ ལཱ་ཁག་ཤོས་ཅིག་ཨིན་མས་ཟེར་ མོ་གིས་ བཤད་པའི་ཁར་ ད་རེས་ ཞལ་འཛོམས་ནང་ བཅའ་མར་གཏོགས་མི་ཚུ་གིས་ ལྷན་ཚོགས་ཀྱི་འཆར་གཞི་ཚུ་ འཆར་གཞི་ཚུ་ནང་ མཉམ་སྡེབ་འབད་བཅུག་ནིའི་ རེ་བ་ཡོད་ཟེར་བཤད་ཅི།
ལས་རིམ་དེ་ཡང་ ལས་འཛིན་ཁག་ཚུ་གིས་ ལྷན་ཚོགས་ཀྱི་འཆར་གཞི་ཚུ་ ཁོང་རའི་འཆར་གཞི་ཚུ་ བཟོ་བའི་སྐབས་ མཉམ་སྡེབ་འབད་ཚུགས་པ་ཅིན་ ངན་ལྷད་ཡང་ མར་འབབ་འགྱོ་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ཞིབ་འཚོལ་འབད་མི་ཚུ་དང་འཁྲིལཝ་ད་ ངན་ལྷད་དེ་ གདོང་ལེན་ཅན་ཅིག་ཨིན་རུང་ ཚབས་ཆེན་མེན་པས་ཟེར་ཨིན་པས།
ཞལ་འཛོམས་དེ་གིས་ འཆར་གཞི་༡༢ པའི་ནང་ སྒེར་སྡེ་ཚུ་ནང་ཡང་ ཡར་དྲག་གཏང་སྟེ་ ངན་ལྷད་མེད་པའི་ གནས་སྟངས་བཟོ་ནི་ཨིན་པས།
ལྷན་ཚོགས་ཀྱིས་འབད་བ་ཅིན་ བཙག་འཐུ་ལྷན་ཚོགས་ཡིག་ཚང་གིས་ བཙག་འཐུའི་སྐབས་ལུ་ ལྟ་རྟོག་ཚུ་ ལེགས་ཤོམ་འབད་དགོ་པའི་ཁར་ སྲིད་དོན་ཚོགས་པ་ཚུ་ཡང་ རང་སོའི་བཟང་སྤྱོད་དང་ དྲང་བདེན་ཚུ་ལུ་ སྦྱོང་བརྡར་བྱིན་དགོ་པའི་ཁར་ སྲིད་དོན་ནང་ བཅའ་མར་གཏོགས་མི་ཚུའི་དོན་ལུ་ཡང་ ཐབས་བྱུས་ཚུ་ བཏོན་དགོ་པའི་ གྲོས་འདེབས་འབད་ཡི།
དེ་བཟུམ་སྦེ་ དངུལ་རྩིས་ལྷན་ཁག་ཚུ་ལུ་ཡང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལས་རིམ་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ བསྟར་སྤྱོད་འབད་མི་ ལས་སྡེ་ཚུ་ལུ་ འཆར་དངུལ་ཚུ་ བགོ་བཀྲམ་འབད་དགོ་པའི་ གྲོས་འདེབས་འབད་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ཧེ་མ་ལས་ གནང་སྲོལ་ཡོད་མི་ འཆར་དངུལ་ལས་ བརྒྱ་ཆ་༡༡ སེང་སྟེ་ བྱིན་དགོ་པའི་ གྲོས་འདེབས་འབད་ཡོདཔ་ད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ འགོ་འཛིན་གྱི་ སྦྱོང་བརྡར་ཚུ་ནང་ བཟང་སྤྱོད་དང་ དྲང་བདེན་གྱི་ གནད་དོན་ཚུ་ཡང་ ཚུད་དགོ་པའི་ གྲོས་འཆར་འབད་ཡི།
དེ་བཟུམ་སྦེ་ ལས་སྡེ་ག་ར་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཁྱོསམ་དང་ རྒྱུ་དངོས་གསལ་སྟོན་ དེ་ལས་ ཁེ་ཕན་ལྟག་སྤྲོད་ཀྱི་ དོན་ཚན་ཚུ་ལུ་ བསྟར་སྤྱོད་འབད་དགོ་པའི་ཁར་ དུས་རྒྱུན་དུ་ སྙན་ཞུ་ལྷོད་མི་ཚུ་ དུས་མཐུན་བཟོ་དགོ་པའི་ གྲོས་འཆར་འབད་ཡི།
བཅའ་མར་གཏོགས་མི་ཚུ་ལུ་ ཁྱོསམ་གི་བཅའ་ཁྲིམས་དང་ ཁེ་ཕན་ལྟག་སྤྲོད་ཀྱི་སྐོར་ལས་ གོ་བརྡ་སྤྲོད་དགོཔ་ཡོདཔ་ད་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ རྒྱུ་དངོས་གསལ་སྟོན་འབད་བའི་སྐབས་ཀྱི་ བསྒྱུར་བཅོས་འབད་ཡོད་པའི་སྐོར་ལས་ཡང་ གསལ་བཤད་འབད་ཡི།
ལྷན་ཚོགས་ཀྱིས་ ལས་སྡེ་དང་ ལས་ཁུངས་ཚུ་གིས་ གོ་བརྡ་ཚུ་ལེགས་ཤོམ་སྦེ་འཐོབ་ཚུགས་པ་ཅིན་ ངན་ལྷད་དང་འབྲེལ་བའི་ སྙན་ཞུ་ལྷོད་མི་ མང་ཤོས་ཅིག་ རང་སོའི་ཡིག་ཚང་ཚུ་གིས་ སེལ་ཚུགས་ནི་མས་ཟེར་བཤད་ཅི།
ལྷན་ཚོགས་ནང་ལྷོད་མི་ ཉོགས་བཤད་ལས་ བརྒྱ་ཆ་༤༥ ལྷགཔ་ཅིག་ འབྲེལ་བ་ཡོད་པའི་ཡིག་ཚང་དང་ ལས་ཁུངས་ཚུ་ལུ་ ཁོང་གིས་ ཐག་བཅད་བཅུག་ཡོདཔ་ཨིན་པས།
ངན་ལྷད་ཚུ་ ངོ་མ་ར་ ཡིག་ཚང་ཚུ་ལུ་ ལམ་ལུགས་སྒྲིང་སྒྲི་མེད་མི་ལུ་བརྟེན་ ཐོན་དོ་ཡོདཔ་ད་ རྒྱུ་དངོས་གསལ་སྟོན་གྱི་ཐད་ཁར་ལྷོདཔ་ད་ བཅའ་མར་གཏོགས་མི་ཚུ་གིས་ ཐོབ་སྐལ་གཞན་ལུ་བཙོང་སྟེ་ སྣུམ་འཁོར་ཉོ་མི་ཚུ་ རང་གི་མིང་ཐོ་ཁར་ བཞག་དགོ་མི་དེ་ ག་དེ་སྦེ་ གསལ་སྟོན་འབད་དགོ་སྨོ་ཟེར་བའི་ དྲི་བཀོད་ཡང་འབད་ཡི།
དེ་ལུ་ ཁྲི་འཛིན་གྱིས་ ངན་ལྷད་བཀག་སྡོམ་གྱི་དབང་ཚད་དེ་ རང་སོའི་མིང་ཐོ་ཁར་ཡོད་མི་དེ་ རང་གི་ཨིནམ་སྦེ་ གསལ་སྟོན་འབད་དགོ་ཟེར་ བཤད་ཡོད་རུང་ ཐོབ་སྐལ་བཙོང་མི་དེ་ ཁྲིམས་མཐུན་ཨིན་མིན་གྱི་ཐད་ཁར་ལྷོདཔ་ད་ ལྟ་རྟོག་འབད་མི་ ལས་སྡེ་གཞན་ཡོད་ཟེར་ བཤད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *