ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དོགས་པ་ཡོད་མི་ རུ་པིའི་རྩིས་ཁྲ་༧༤ ལུ་ ནན་ཞིབ་འབད་དོ་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དངུལ་ཁང་ཁག་སོ་སོའི་ རྩིས་ཁྲ་༧༤ ནང་ ལྔ་བརྒྱ་ལོར་དང་ སྟོང་ལོང་ཆ་མེད་སོང་མི་རྒྱ་གར་གྱི་ཏི་རུ་ དངུལ་ཀྲམ་ས་ཡ་༡༠༧.༤༣༥ ལྷགཔ་ཅིག་ བཙུགས་མི་ཚུ་གི་ འབྱུང་ཁུངས་ཁྲིམས་མཐུན་ཡོད་མེད་ བརྟག་ཞིབ་འབད་དོ་ཡོདཔ་ཨིན་པས།

ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ ལྷན་ཚོགས་ཀྱི་ ནན་ཞིབ་ཐོག་ལུ་ཡོད་མི་ རུ་པིའི་རྩིས་ཁྲ་༧༤ ལས་ རུ་པི་ས་ཡ་༦༩.༡༧༥ དེ་ དོགས་སྣང་ཆེ་བའི་ རྩིས་ཁྲ་འཆང་མི་ མི་ངོ་༡༠ གྱིས་ བཙུགས་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ལྷན་ཚོགས་ལུ་ རུ་པིའི་རྩིས་ཁྲ་༧༠༠ དང་ འོང་འབབ་དང་ ཅ་དམ་ལས་ཁུངས་ལུ་ རྩིས་ཁྲ་༧༢༥ བསྐྱར་ཞིབ་ཀྱི་དོན་ལུ་ བཏང་པའི་ཤུལ་ལས་ རུ་པི་བཙུགས་མི་ཚུ་ལུ་ བརྟག་ཞིབ་འབད་མི་ ཆེ་རིམ་འགོ་དཔོན་སྡེ་ཚན་ཅིག་ལུ་ འགན་འཁྲི་བཀལ་ཏེ་ཡོད་ཟེར་ཨིན་པས།
ན་ཧིང་ སྤྱི་ཟླ་༡༡ པའི་ནང་ རྒྱ་གར་ལུ་ ལྔ་བརྒྱ་ལོར་དང་ སྟོང་ལོར་གནས་གོང་མེདཔ་ བཟོ་བའི་སྐབས་ལུ་ རྒྱལ་ཁབ་ཀྱི་ དངུལ་འབྲེལ་ལས་ཁང་སོ་སོའི་ནང་ཡོད་མི་ རུ་པིའི་རྩིས་ཁྲ་༢༧,༠༠༠ ནང་ རུ་པི་ཐེར་འབུམ་༡.༦ བཙུགས་ཡོདཔ་ཨིན་པས།
ལྷན་ཚོགས་ནང་ལྷོད་མི་ རྩིས་ཁྲ་༧༠༠ དེ་ དབྱེ་ཁག་བཞི་ བཟོ་མི་དེ་ཡང་ རྒྱ་གར་གྱི་ དངུལ་ལོར་ཆ་མེད་ མ་འགྱོ་ཚུན་ཚོད་ དངུལ་བཙུགས་བཏོན་མེད་པར་ དེ་སྦེ་ར་བཞག་མི་ རྩིས་ཁྲ་ཚུ་དང་ དངུལ་ཁང་སོ་སོའི་ནང་ཡོད་མི་ རྩིས་ཁྲ་ཚུ་ནང་ ཏི་རུ་ནན་བསྐྱར་བཙུགས་ཡོདཔ་ དེ་ལས་ རྩ་ཕན་ཚུ་གི་ རྩིས་ཁྲ་ཚུ་ནང་ བཟའ་ཚང་དང་ ཉེ་ཚན་ཚུ་གིས་ རུ་པི་བཙུགས་བཙུགསཔ་དང་ དངུལ་ལོར་ཆ་མེད་སྐབས་ རྩིས་ཁྲ་གསརཔ་ ཁ་ཕྱེ་མི་ཚུ་ཨིན་པས།
ངན་ལྷད་བཀོག་སྡོམ་ལྷན་ཚོགས་ཀྱིས་ སྤྱི་ཟླ་༤ པའི་ཚེས་༥ ལས་ རྩིས་ཁྲ་ཚུ་ ནན་ཞིབ་འབད་ནི་ འགོ་བཙུགས་ཞིནམ་ལས་ ད་ཚུན་གྱི་བར་ན་ རུ་པི་ས་ཡ་༢༠༠ དེ་ཅིག་ བཙུགས་ཡོད་མི་ རྩིས་ཁྲ་༦༢༦ ལུ་ ཏི་རུ་བཏོན་ཆོག་པའི་ ཉོགས་མེད་གནང་བ་བྱིན་ཡོདཔ་ཨིན་པས།
ད་ལྟོ་ ང་བཅས་ཀྱིས་ དོགས་སྣང་ཐོག་ཡོད་མི་ རྩིས་ཁྲ་ལྷག་ལུས་ཚུ་ནང་བཙུགས་མི་ རུ་པིའི་འབྱུང་ཁུངས་དང་ ཕྱི་དངུལ་བརྗེ་སོར་བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་འཁྲིལ་ཡོད་མེད་ བརྟག་ཞིབ་འབད་བའི་བསྒང་ཡོད་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
དེ་ཡང་ དཔེ་འབད་བ་ཅིན་ རྩིས་ཁྲ་འཆང་མི་དེ་ ཚོང་རྐྱབ་མི་ཨིན་པ་ཅིན་ ཏི་རུ་བཙུགས་མི་ཚུ་ དངུལ་འབྲེལ་ལས་ཁང་བརྒྱུད་དེ་ སྤྲོད་ལེན་འབད་བའི་ རྩིས་ཁྲ་ཨིན་མིན་དང་ ཅ་དམ་ཡིག་ཚང་ནང་ ཁྲལ་བཏབ་ཡོད་མེད་ བལྟ་དོ་ཡོདཔ་མ་ཚད་ རྒྱ་གར་ལས་ རྒྱལ་ཁབ་ནང་ རུ་པི་འབོར་ཆེ་ཏོག་ཏོ་སྦེ་ འབག་འོང་མི་དེ་ འཛུལ་སྒོ་ནང་ གསལ་སྟོན་འབད་མ་འབད་ ལྟ་ཞིབ་འབད་དོ་ཟེར་ཨིན་པས།
རྩིས་ཁྲ་ཚུ་ ནན་ཞིབ་འབདཝ་ད་ ལྷན་ཚོགས་ལུ་ གདོང་ལེན་བྱུང་མི་ལུ་བརྟེན་ ལཱ་གི་གྲུབ་འབྲས་ལུ་ གནོད་དོ་ཡོདཔ་ད་ ད་ཚུན་གྱི་བར་ན་ རྩིས་ཁྲ་འཆང་མི་༣༠ དེ་ཅིག་དང་ འབྲེལ་བ་འཐབ་མ་ཚུགས་པར་ ཡོད་པའི་ཁར་ འབྲེལ་བ་འཐབ་ཚུགས་རུང་ མཉམ་འབྲེལ་འབད་མི་བཏུབ་པས་ཟེར་ཨིན་པས།
རུ་པི་བཙུགས་མི་ ལ་ལོ་ཅིག་གིས་ ཁ་བྱང་དང་ འབྲེལ་བ་འཐབ་ས་ ངེས་གཏན་སྦེ་ གསལ་བཀོད་མ་འབད་བར་ཡོདཔ་ལས་ མི་བདའ་ཟུན་ཚུགས་པར་ ལཱ་ཁག་ཡོདཔ་ད་ ཨམ་སྲུ་ཅིག་གིས་ རུ་པི་ས་ཡ་༡ རྩིས་ཁྲ་ནང་ བཙུགས་ཡོད་རུང་ ཆ་རོགས་ཅིག་གི་
འགྲུལ་འཕྲིན་ཨང་གྲངས་ བཀོད་ཡོདཔ་ལས་ མོ་ལུ་ འབྲེལ་བ་འཐབ་ད་ ཨམ་སྲུ་ག་ཨིན་ན་ཡང་ མི་ཤེས་པས་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
ཀུན་གསལ་གྱིས་ གོ་མི་དང་འཁྲིལཝ་ད་ དེད་གཡོགཔ་༡ དང་ མི་ངོ་གཞན་ལེ་ཤ་ཅིག་གིས་ རུ་པི་ས་ཡ་༡ ལས་ལྷག་སྟེ་ བཙུགས་ཡོདཔ་མ་ཚད་ ཨམ་སྲུ་༡ གིས་ རྩིས་ཁྲ་ནང་ རུ་པི་ས་ཡ་༢༠ བཙུགས་མི་ལུ་ འབྱུང་ཁུངས་བཤད་ནི་མེདཔ་ཨིན་པས།
དེ་བཟུམ་སྦེ་ རྩིས་ཁྲ་༡ ནང་ བཟའ་ཚང་གི་ འཐུས་མི་ཚུ་གིས་ རུ་པི་ས་ཡ་༢༥ བཙུགས་ཏེ་ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་སྤྱི་འཛིན་ དྲགོས་དཔལ་འབྱོར་གྱིས་ བཤད་མིའི་ནང་ རུ་པིའི་རྩིས་ཁྲ་ཚུ་ནང་ལས་ དངུལ་བཏོན་མ་ཆོག་པར་ བཀག་འཛིན་འབད་ཡོད་མི་ཚུ་ རུ་པིའི་མང་ཉུང་དང་འཁྲིལ་ དབྱེ་བ་ཕྱེ་ཞིནམ་ལས་ རྩིས་ཁྲ་དག་པ་ཅིག་ བསྐྱར་ཞིབ་ཀྱི་དོན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ བཏང་མི་དེ་ཡང་ དེ་ནང་ ངན་ལྷད་དང་ གཡོ་སྒྱུ་ལག་ལེན་ དེ་ལས་ དངུལ་ཟོལ་གྱི་ གནད་དོན་ཚུ་ཡོད་མེད་ བརྟག་ཞིབ་འབད་ཐབས་ལུ་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ ཁྲལ་ལས་ཟུར་ཐབས་འབད་བའི་ གནད་དོན་ཚུ་ ཡོད་མེད་བལྟ་ནིའི་དོན་ལུ་ དོགས་སྣང་ཅན་གྱི་ རྩིས་ཁྲ་དག་པ་ཅིག་ འོང་འབབ་དང་ ཅ་དམ་ལས་ཁུངས་ལུ་ བཏང་ཡོདཔ་བཞིན་དུ་ མ་དངུལ་འབོར་ཆེ་ཏོག་ཏོ་མེད་མི་ རྩིས་ཁྲ་གཞན་ཚུ་ལུ་ ཏི་རུ་བཏོན་ཆོག་པའི་ གནང་བ་གྲུབ་སྟེ་ཡོད་ཟེར་ དྲགོས་དཔལ་འབྱོར་གྱིས་ བཤདཔ་ཨིན་པས།
འོང་འབབ་དང་ ཅ་དམ་ལས་ཁུངས་ལུ་བཏང་མི་ རྩིས་ཁྲ་མང་ཤོས་ར་ ཚོང་སྡེ་ཚུ་གི་ཨིནམ་བཞིན་དུ་ ཚོང་སྡེ་ལས་འགུལ་ཅིག་གིས་ རུ་པི་ས་ཡ་༧༨ བཙུགས་ཡོད་མི་དེ་ གཞི་ཁུངས་ག་ཅི་ལུ་བཞག་སྟེ་ ཉོགས་མེད་གནང་བ་ སྤྲོད་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་མ་ཚུགས།
ཅ་དམ་ལས་ཁུངས་ཀྱི་མདོ་ཆེན་ ཡོན་ཏན་རྣམ་རྒྱལ་གྱིས་ ཨེསི་ཨེམ་ཨེསི་བརྡ་འཕྲིན་ཐོག་ལས་ བཀོད་མིའི་ནང་ ལས་ཁུངས་ལུ་ རྩིས་ཁྲ་ཚུ་ བཀག་འཛིན་འབད་ནི་དང་ བཀག་འཛིན་ལས་ གཏང་ནི་གི་ དབང་ཚད་མེདཔ་ལས་ གནད་དོན་དུས་མཐུན་དགོ་པ་ཅིན་ རྒྱལ་འཛིན་དངུལ་ལས་དབང་འཛིན་དང་ འབྲེལ་བ་འཐབ་དགོ་ཟེར་ཨིན་པས།
གལ་སྲིད་ དོགས་སྣང་ཐོག་ཡོད་མི་ རྩིས་ཁྲ་འཆང་མི་ཚུ་གིས་ རུ་པི་བཙུགས་མིའི་ སྒྲུབ་བྱེད་དང་ ཡིད་ཆེས་རུང་བའི་ རྒྱུ་མཚན་ཚུ་ གསལ་བཀོད་འབད་མ་ཚུགས་པ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལུ་ ཕྱི་དངུལ་བརྗེ་སོར་བཅའ་ཡིག་དང་ སྒྲིག་གཞི་ཚུ་དང་འཁྲིལ་ རུ་པི་བཙུགས་ཡོད་མི་ཚུ་ བཙན་བཟུང་འབད་དགོ་པའི་ གྲོས་འདེབས་ཕུལ་འོང་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
དངུལ་ཁང་ལྟེ་བ་གིས་ རྒྱ་གར་གྱི་ ལྔ་བརྒྱ་ལོར་དང་ སྟོང་ལོར་ཚུ་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༨ ལུ་ གནས་གོང་མེདཔ་ བཟོ་བའི་ཤུལ་ལས་ རྩིས་ཁྲ་ཚུ་ནང་ རུ་པི་བཙུགས་ནི་དེ་ བཀག་འཛིན་འབད་བའི་ཤུལ་ལས་ སྤྱི་ཟླ་༥ པའི་ཚེས་༨ ལུ་ དངུལ་ཀྲམ་ནང་བཏོན་ཆོགཔ་ བཟོ་ཡོད་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

དངུལ་ཁང་ཚུ་གིས་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ ཆ་མེད་བཏང་དོ་ཡོདཔ།

༉ ལྟ་བཤལཔ་ཚུ་གིས་ ཚར་ལེ་ཤ་ཅིག་ཁར་ འབྲུག་ལུ་ རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ སྐྱོད་ཐམ་དང་ ཡུན་བརྟན་གོང་འཕེལ་གྱི་འཐུས་ བཏབ་ནིའི་དོན་ལུ་ དཔའ་བཅམ་ཡོད་རུང་ བརྗེ་སོར་འབད་མི་བཏུབ་དོ་ཡོདཔ་ལས་ ལྟ་བཤལཔ་ཚུ་ རྣམ་རྟོག་ལང་རུང་ འབད་ཐབས་གཞན་མེདཔ་ཨིན་པས། རྒྱལ་སྤྱིའི་དངུལ་སྤྲོད་ལམ་ལུགས་ཐོག་ལས་ དངུལ་བརྒྱ་ཆ་༥༠ …

Leave a Reply

Your email address will not be published. Required fields are marked *