ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱུ་དངོས་གསལ་སྟོན་མ་འབད་མི་ཚུ་ལུ་ ཉེས་ཆད་བཏབ་དགོ་པའི་ཉེན་བརྡ།

༉ འབྲུག་གི་ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གཞུང་གཡོག་༢༢ ཀྱིས་ སྤྱི་ལོ་༢༠༡༧ ལུ་ རང་སོའི་རྒྱུ་དངོས་ཚུ་ གསལ་སྟོན་མ་འབད་མི་ལུ་བརྟེན་ ལོ་༡ གི་ གླ་ཆ་དང་འདྲ་མཉམ་སྦེ་ ཉེས་ཆད་བཏབ་དགོ་པའི་ ཉེན་བརྡ་འབད་ནུག།
ལྷན་ཚོགས་དང་འཁྲིལཝ་ད་ འགོ་དཔོན་ཚུ་གིས་ ཉེས་ཆད་ཚུ་ ཉིནམ་རེ་ལུ་ དངུལ་ཀྲམ་༡༢༥ འབདཝ་ད་ ལོ་༡ ནང་ དངུལ་ཀྲམ་༤༥,༦༢༥ དེ་ཅིག་ སྤྱི་ཟླ་དང་པའི་ཚེས་༣༡ གི་ནང་འཁོད་ལུ་ བཏབ་དགོ་ཟེར་ སྤྱི་ཟླ་༡༡ པའི་ཚེས་༢༤ ལུ་ གསལ་བསྒྲགས་འབད་ནུག།
ལྷན་ཚོགས་ཀྱིས་འབད་བ་ཅིན་ མང་ཤོས་ཅིག་གིས་ ཉེན་བརྡ་འདི་ལུ་ ངོས་ལེན་འབད་རུང་ རྒྱུ་དངོས་གསལ་སྟོན་མ་འབད་མི་༢༢ ཀྱིས་ ལན་གསལ་མ་འབད་བའི་ཁར་ དགོས་མཁོའི་ཚེས་གྲངས་དང་འཁྲིལ་ ངོས་ལེན་འབད་མ་བཏུབ་ཟེར་ཨིན་པས།
ལྷན་འཛིན་རྒྱ་མཚོ་གིས་ སླབ་མིའི་ནང་ གལ་སྲིད་ ཁྱབ་བསྒྲགས་འདི་ལུ་ མ་གནས་པ་ཅིན་ དྲང་ཁྲིམས་ལུ་ ངོས་ལེན་མེད་པའི་ གྲངས་སུ་ཚུད་ནི་ཨིནམ་ལས་ འབྲུག་གི་ངན་ལྷད་བཀག་སྡོམ་བཅའ་ཁྲིམས་༢༠༡༡ ཅན་མའི་ དོན་ཚན་༡༡༣ པའི་ དགོངས་དོན་དང་འཁྲིལ་ ངོས་ལེན་འབད་ནི་ཨིན་ཟེར་ཨིན་པས།
དོན་ཚན་དང་འཁྲིལཝ་ད་ མི་ངོ་ཅིག་ལུ་ གནོད་འགེལ་ཅིག་གི་ ཉེས་སྐྱོན་ཨིནམ་སྦེ་ བརྩི་དགོཔ་དེ་ཡང་ གལ་སྲིད་ མི་ངོམ་དེ་གིས་ ལྷན་ཚོགས་ལུ་ གཞིས་གནས་གང་རུང་ནང་ འཛུལ་མ་བཅུགཔ་དང་ ཡང་ཅིན་ བཅའ་ཁྲིམས་འདི་གི་ ནང་གསལ་ལྟར་ ལྷན་ཚོགས་ཀྱིས་ དབང་ཚད་སྤྲོད་ཡོད་པའི་ མི་ངོམ་ཅིག་ལུ་ བཙན་འཚོལ་འབད་བཅུག་ནི་ མི་འོང་ཟེར་ཨིན་པས།
དེ་མ་ཚད་ ལྷན་ཚོགས་ཀྱིས་ བྱ་སྒོ་དང་ ཡང་ཅིན་ དབང་ཚད་ཚུ་ བསྟར་སྤྱོད་འབད་བའི་སྐབས་ རྒོལ་རྡུང་འབད་བ་དང་ ཡང་ཅིན་ བར་བགེགས་འབད་བ་ ཐེ་གཏོགས་འབད་དེ་ ཡུན་འགྱངས་ལུས་བཅུག་ནི་ མི་འོང་ཟེར་ཨིན་པས།
རྒྱུ་དངོས་གསལ་སྟོན་མ་འབད་མི་ནང་ མི་ངོ་༡༤ ཞི་གཡོགཔ་ཡོད་མིའི་གྲས་ལས་༧ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་གི་ འགོ་དཔོན་ཚུ་ཨིནམ་ད་ དྲག་པོའི་བསྟན་སྲུང་དམག་སྡེའི་ ལིང་དཔོན་༡ བཀྲིས་དངུལ་ཁང་གི་ འགོ་དཔོན་༢ དེ་ལས་ ཆུང་ཁ་རྫོང་ཁག་གི་ རྒེད་འོག་དམངས་མི་༢ ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༦ ལུ་ ལོ་བསྟར་རྒྱུ་དངོས་ཚུ་ གསལ་སྟོན་མ་འབད་མི་ལུ་བརྟེན་ ལྷན་ཚོགས་ཀྱིས་ ཉེན་ཆད་དངུལ་ཀྲམ་༧༣༦,༢༦༦ དེ་ཅིག་ བསྡུ་ལེན་འབད་ནུག།
རྒྱུ་དངོས་གསལ་སྟོན་འབད་མི་དེ་ ངན་ལྷད་བཀག་ཐབས་འབད་ནི་ལུ་ གལ་གནད་ཅན་ཅིག་ཨིནམ་བཞིན་དུ་ དེ་གིས་ ཞི་གཡོགཔ་ཚུ་ལུ་ དྭངས་གསལ་དང་ འགན་འཁྲི་འབག་ནི་ལུ་ ལྷན་ཐབས་འབྱུང་ཚུགས་ནི་ཨིནམ་ད་ ལོ་བསྟར་རྒྱུ་དངོས་གསལ་སྟོན་དེ་ཡང་ སྤྱི་ཟླ་༥ པའི་ཚེས་༣༡ གི་ནང་འཁོད་ལུ་ འབད་དགོཔ་ཨིན་པས།
ལྷན་ཚོགས་ཀྱི་ སྤྱི་ལོ་༢༠༡༧ གྱི་ སྙན་ཞུ་དང་འཁྲིལཝ་ད་ འདས་པའི་ལོ་ལས་ འགོ་བཙུགས་ཏེ་ རྒྱུ་དངོས་གསལ་སྟོན་འབད་ནི་གི་ ལས་འཆར་དང་པ་དང་༢ པའི་ གྱངས་ཁ་ཚུ་ ཡར་སེང་སོང་ཡོད་མི་དེ་ཡང་ གོ་བ་བརྡ་སྤྲོད་འབད་མི་དང་ བཅའ་ཁྲིམས་ཚུ་ དམ་དམ་སྦེ་ར བསྟར་སྤྱོད་འབད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
རྒྱུ་དངོས་གསལ་སྟོན་འབད་ནིའི་ ལས་འཆར་དང་པའི་ནང་ མི་ངོམ་༤༦༤ ཡོད་མིའི་གྲས་ལས་ བརྒྱ་ཆ་༩༦.༣ གྱིས་ དུས་ཚོད་ཁར་ རང་སོའི་རྒྱུ་དངོས་ཚུ་ གསལ་སྟོན་འབད་ཡོདཔ་ད་ ལས་འཆར་༢ པའི་ནང་ མི་༢༡,༢༤༧ ཡོད་མི་འབདཝ་ད་ བརྒྱ་ཆ་༩༧ གིས་ དུས་ཚོད་ནང་འཁོད་ལུ་ རྒྱུ་དངོས་གསལ་སྟོན་འབད་ནུག་ཟེར་ ལས་སྡེ་གི་ ལྷན་ཚོགས་ལུ་ སྙན་ཞུ་ཕུལ་མི་ནང་བཀོད་ནུག།
ལས་འཆར་དང་པའི་ནང་ བློན་པོ་དང་འཐུས་མི་ སྲིད་དོན་ཚོགས་པ་ཚུ་གི་གཙོ་འཛིན་ གཞུང་མིན་ལས་ཚོགས་ཀྱི་འགོ་འཛིན་ དེ་ལས་ རྩ་ཁྲིམས་ཅན་གྱི་ གཙུག་སྡེའི་འཐུས་མི་དང་ ལྷན་འཛིན་ཚུ་ཡོདཔ་བཞིན་དུ་ ལས་འཆར་༢ པའི་ཐད་ཁར་ ཞི་གཡོགཔ་ཚུ་ ཡོདཔ་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

 

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *