ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བདེ་སྲུང་གི་རྩོད་དོན་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས།

༉ སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འདས་པའི་ཟླཝ་ནང་ བདེ་སྲུང་སྦྱོང་བརྡར་དང་འབྲེལ་བའི་ རྩོད་དོན་ནང་ ཆེ་མཐོ་ཁྲིམས་འདུན་གྱིས་ བསྟན་སྲུང་དམག་སྡེའི་འགོ་དཔོན་༨ དང་ ལས་བྱེདཔ་༢ ཉེས་གྲོལ་བཏང་མིའི་འཁྲུན་ཆོད་དེ་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ལྷན་ཚོགས་ཀྱིས་ མཐོ་གཏུགས་འབད་མི་དེ་ཡང་ ཉེས་འདོགས་པ་ བསྟན་སྲུང་དམག་སྡེ་གིས་ མཐོ་གཏུགས་མ་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤད་མིའི་ནང་ དེ་སྦེ་ མཐོ་གཏུགས་འབད་མི་དེ་ ལྷན་ཚོགས་ལུ་ ངན་ལྷད་བཀག་འཛིན་འབད་ནིའི་དོན་ལུ་ རྩ་ཁྲིམས་ཅན་གྱི་ འགན་ཁུར་ཕོག་སྟེ་ཡོད་ཟེར་ཨིནམ་ད་ གལ་སྲིད་ ལྷན་ཚོགས་ཀྱིས་ མཐོ་གཏུགས་མ་འབད་བ་ཅིན་ དམག་སྡེ་གིས་ཡང་ བཀོག་བཞག་མི་དེ་གིས་ དྲང་ཁྲིམས་ཡང་ མི་འོང་ཟེར་ཨིན་པས།
ཤེས་དོ་བཟུམ་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མངོན་མཐོ་ཁྲིམས་འདུན་ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་གནང་མི་ འཁྲུན་ཆོད་ལུ་ བསམ་པ་མ་རྫོགས་མི་ལུ་བརྟེན་ བསྐྱར་ཞིབ་འབད་གནང་ཟེར་ ཞུ་གཏུགས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ལྷན་ཚོགས་ཀྱིས་ ཆེ་མཐོ་ཁྲིམས་འདུན་གྱི་ གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་འབད་བའི་སྐབས་ ལྷན་ཚོགས་ལུ་ རྩོད་གཞི་ཕྱེ་ནིའི་དོན་ལུ་ ཁྲིམས་ཀྱི་དབང་ཆ་མེད་ཟེར་བཀོད་ཐོག་ལས་ ཕྱིར་འབུད་འབད་ནུག།
གྲངས་མང་ཁྲིམས་ཁྲི་གིས་ ཕྱིར་དབྱུང་ཡི་གུ་ནང་ བཀོད་མི་དང་འཁྲིལཝ་ད་ མཐོ་གཏུགས་ཕྱིར་འབུད་འབད་དགོ་མི་དེ་ཡང་ རྩ་ཁྲིམས་ཆེན་མོའི་རྩ་ཚན་༢༧.༥ པའི་ནང་ ལྷན་ཚོགས་ཀྱི་ ཞིབ་བཤེར་ལུ་གཞི་བཞག་སྟེ་ ངོ་རྐྱང་དང་ ཡང་ན་ རྩ་ཕན་ ལས་ཚོགས་ཀྱི་ཉེས་བཤེར་ཚུ་ ཁྲིམས་འདུན་གྱིས་ རྩོད་བཤེར་དོན་ལུ་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ གང་མགྱོགས་འགན་ལེན་འབད་དགོ་ཟེར་ བཀོད་ཡོད་མི་ལུ་ གཞི་བཞག་ཐོག་ལས་ཨིན་ཟེར་ཨིན་པས།
ཀུན་གསལ་གྱིས་ ཤེས་དོ་བཟུམ་འབད་བ་ཅིན་ གྲངས་མང་ཁྲིམས་ཁྲི་གིས་ བཀོད་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དེ་ ཞིབ་བཤེར་གྱི་དོན་ལུ་རྐྱངམ་གཅིག་ འབྲེལ་གཏོགས་ཡོདཔ་མ་གཏོགས་ རྩོད་བཤེར་གྱི་དབང་ཚད་མེད་ཟེར་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ ཕྱིར་འབུད་ཡི་གུ་ནང་ལྷན་ཚོགས་ལུ་ མཐོ་གཏུགས་འབད་ནིའི་དབང་ཆ་མེད་མི་དེ་ཡང་ ལྷན་ཚོགས་དེ་ རྩོད་བཤེར་འབད་མི་མེནམ་ལས་ རྩོད་བཤེར་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་དགོངས་དོན་ལས་ བརྒལ་འོང་ཟེར་བཀོད་ནུག།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་མི་ལུ་ ཁྲིམས་ལག་ལེན་པ་ཚུ་གི་བར་ན་ རྒྱུན་སྲོལ་དང་མ་འདྲ་བའི་ བྱ་སྒོའི་གནད་དོན་ཅིག་ གསར་གཏོད་འབད་བའི་སྐོར་ གྲོས་བསྡུར་འབད་སའི་ཡུལ་ལུ་ གྱུར་ཏེ་ཡོདཔ་ད་ ཁྲིམས་ལག་ལེན་པ་མང་ཤོས་ཅིག་གིས་ མཐོ་གཏུགས་དེ་ ཁྲིམས་དང་མ་མཐུན་པའི་ བསམ་འཆར་བཀོད་དོ་ཡོདཔ་ཨིན་པས།
ཁྲིམས་རྩོདཔ་ཅིག་གིས་ སླབ་མིའི་ནང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་བཅའ་ཁྲིམས་ཀྱི་ རྩ་ཚན་༡༢༨ དགོངས་དོན་དང་འཁྲིལ་ཏེ་ ཉེས་འདོགས་པ་དེ་ བསྟན་སྲུང་དམག་སྡེ་ཨིནམ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁྲིམས་དཔྱད་ཀྱི་དབང་ཆ་འབག་མི་དེ་ ཁྲིམས་དང་མི་འཁྲིལ་བས་ཟེར་ཨིན་པས།
ད་རུང་ ཁྲིམས་རྩོདཔ་ཅིག་གིས་ སླབ་མིའི་ནང་ ད་རེས་ཀྱི་རྩོད་དོན་དེ་ ཁྲིམས་འདུན་གྱིས་ རྩོད་བཤེར་འབད་ནིའི་གོ་སྐབས་གནང་མི་ རྒྱལ་པོའི་ཞིང་སའི་གནད་དོན་དང་ ད་རེས་ནངས་པར་ ཀྲོང་གསར་རྫོང་ཁག་ཁྲིམས་འདུན་ལུ་ རྩོད་གཞི་ཕྱེ་བའི་བསྒང་ཡོད་མི་ སའི་རྩོད་དོན་དང་ མ་འདྲ་མི་དེ་ཡང་ རྩོད་དོན་དེ་ ཧེ་མ་ལས་ དམག་སྡེ་གིས་ རྩོད་བཤེར་འབད་ཡོདཔ་ད་ གནད་དོན་དེ་གཉིས་ཀྱི་ཐད་ལུ་ གཞུང་གི་ཁྲིམས་སར་སྐྱེལ་མི་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ རྩོད་བཤེར་མ་འབད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།
མངོན་མཐོ་ཁྲིམས་འདུན་འགོ་དཔོན་ཚུ་ལས་ བསམ་འཆར་ཚུ་ཐོབ་མ་ཚུགས་རུང་ མིག་གིས་ ལྟ་མི་ཚུ་གིས་ མངོན་མཐོ་ཁྲིམས་འདུན་གྱིས་ མཐོ་གཏུགས་ལེན་མི་ལུ་ དྲི་བཀོད་འབད་དོ་ཡོདཔ་ད་ མངོན་མཐོ་ཁྲིམས་འདུན་གྱིས་ ལྷན་ཚོགས་ཀྱིས་ མཐོ་གཏུགས་འབད་མི་ དམག་སྡེའི་འགོ་དཔོན་༡ དང་ དམག་མི་༡ འབྲེལ་གཏོགས་ཡོད་མི་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༣ པའི་འཁྲུན་ཆོད་ཡང་ ལེན་ཡོདཔ་ད་ ད་ཚུན་ མ་མཛད་པས།
ཀུན་གསལ་གྱིས་ ཤེས་དོ་བཟུམ་འབད་བ་ཅིན་ མངོན་མཐོ་ཁྲིམས་འདུན་གྱིས་ ཡིག་ཆས་ཚུ་ སྤྱི་ཟླ་༡༡ པའི་ཚེས་༢༣ ལུ་ ཆེ་མཐོ་ཁྲིམས་འདུན་ལས་ ལེན་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ མངོན་མཐོ་ཁྲིམས་འདུན་ལུ་ ཞུ་གཏུགས་འབད་མི་དེ་ཡང་ ཡི་གུ་དང་འཁྲིལ་མེན་པར་ ཁྲིམས་དང་འཁྲིལ་ དྲང་ཁྲིམས་ཀྱི་དོན་ལུ་ ཨིན་ཟེར་ཨིན་པའི་གནས་ཚུལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *