ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ འགོ་དཔོན་༢ བཤོལ་བཞག་ཐོག་ བདེ་སྲུང་གི་ རྩོད་དོན་༩ མངོན་མཐོ་ཁྲིམས་འདུན་ལུ་མཐོ་གཏུགས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ བདེ་སྲུང་སྦྱོང་བརྡར་དང་འབྲེལ་བའི་ ལྐོག་ཟའི་རྩོད་དོན་ནང་ བསྟན་སྲུང་དམག་སྡེའི་ ལིང་དཔོན་རྡོ་རྗེ་ཊི་དང་ དམག་སྲིད་འོགམ་ ཀུན་ལེགས་རྡོ་རྗེ་༢ ལུ་ ཆེ་མཐོ་ཁྲིམས་འདུན་གྱིས་ གནང་མི་ འཁྲུན་ཆོད་ཀྱི་ རྒྱབ་འགལ་ལུ་ མཐོ་གཏུགས་མི་འབད་ནི་སྦེ་ ཐག་བཅད་མི་དེ་ཡང་ ཁོང་༢ ལུ་ བདེན་སྦྱོར་རམ་ རྒྱབ་སྣོན་གྱི་ སྒྲུབ་བྱེད་མེད་མི་ལུ་བརྟེན་ཨིན་པས།

ཆེ་མཐོ་ཁྲིམས་འདུན་གྱིས་ བདེ་སྲུང་སྦྱོང་བརྡར་གྱི་ མ་དངུལ་ལྐོག་ཟའི་ རྩོད་དོན་ནང་ དམག་སྡེའི་ཁྲིམས་འདུན་གྱིས་གནང་མི་ འགོ་དཔོན་༡༡ དང་ དམག་མི་༧ གྱི་འཁྲུན་ཆོད་ ཆ་མེད་བཏང་ཡོདཔ་མ་ཚད་ འགོ་དཔོན་༤ དང་ དམག་མི་༢ ཀྱི་ ཉེས་ཁྲིམས་མར་ཕབ་བཏང་ཡོདཔ་ཨིན་པས།

ལུང་བསྟན་ཕུག་དམག་སྡེའི་ཁྲིམས་འདུན་གྱིས་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་ བདེ་སྲུང་སྦྱོང་བརྡར་ཤོ་ཐེངས་༤ པའི་ནང་ བདག་སྐྱོང་འགོ་དཔོན་སྦེ་ ཕྱག་ཞུ་བའི་སྐབས་ ལིང་དཔོན་རྡོ་རྗེ་ཊི་གིས་ དངུལ་ཀྲམ་༢༨༧,༧༡༡ ལོག་སྤྱོད་འབད་བའི་ ཉེས་འཛུགས་བཀོད་ཡོདཔ་ད་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༢ པ་གིས་ སྤྱི་ཟླ་༡༠ པའི་ཚེས་༢༦ ལུ་ ཉེས་གྲོལ་བཏང་ནུག།

དེ་བཟུམ་སྦེ་ དམག་སྡེའི་ཁྲིམས་འདུན་གྱིས་ བདེ་སྲུང་ཤོ་ཐེངས་༢ པའི་སྐབས་ བདག་སྐྱོང་འགོ་དཔོན་སྦེ་ ཕྱག་ཞུ་མི་ དམག་སྲིད་འོགམ་ ཀུན་ལེགས་རྡོ་རྗེ་ལུ་ཡང་ དངུལ་ཀྲམ་༣༡༥,༠༦༩ ལོག་སྤྱོད་འབད་བའི་ ཉེས་ཁྲིམས་བཀལ་ཡོདཔ་ད་ ཆེ་མཐོ་ཁྲིམས་འདུན་གྱི་ཁྲིམས་ཁྲི་༡ པ་གིས་ དམག་སྡེའི་འགོ་དཔོན་༤ དང་ དམག་མི་༤ ལུ་ ཉེས་པ་མེད་པའི་ འཁྲུན་ཆོད་གནང་ནུག།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དམག་སྡེའི་འགོ་དཔོན་༤ དང་ དམག་མི་༢ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ཁྲིམས་ཁྲི་༣ པ་གིས་ ཉེས་གྲོལ་གྱི་ འཁྲུན་ཆོད་གནང་མི་ལུ་ བསམ་པ་མ་རྫོགས་པར་ གྲངས་མང་ཁྲིམས་ཁྲི་ལུ་ སྤྱི་ཟླ་༡༠ པའི་ཚེས་༢༤ ལུ་ མཐོ་གཏུགས་འབད་ཡོད་རུང་ ལྷན་ཚོགས་དེ་ ཉེས་འདོགས་པའམ་ ཉེས་བཤེར་འབད་མི་མེནམ་ལས་ རྩ་ཁྲིམས་ལས་ཆེན་མོ་ལས་ འགལ་ནི་དེ་གིས་ ཉིནམ་དེ་ནང་ར་ ཆ་མེད་བཏང་ཡོདཔ་ཨིན་པས།

ཉེས་འདོགས་པ་དེ་ དམག་སྡེ་ཨིནམ་ལས་ དམག་སྡེ་རྐྱངམ་གཅིག་གིས་ མཐོ་གཏུགས་འབད་ཆོག་ཟེར་ བཀོད་དེ་ཡོདཔ་ཨིན་པས།

དེ་ལས་ སྤྱི་ཟླ་༡༠ པའི་ཚེས་༢༦ ལུ་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༢ པ་གིས་ ལིང་དཔོན་ཀུན་དགའ་ནོར་བུ་དང་ ལིང་དཔོན་བསོད་ནམས་ཚེ་རིང་ ལིང་དཔོན་ཚེ་རིང་སྟོབས་རྒྱས་ ལིང་དཔོན་ཨོ་རྒྱན་ལྷུན་གྲུབ་དང་ སྤེལ་རྒྱབ་དབང་ཕྱུག་དང་ ཀྲང་ཀ་༢ ཉེས་གྲོལ་བཏང་མི་དེ་ གྲངས་མང་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ད་ ད་ལྟོ་ གནད་དོན་དེ་ རྩོད་བཤེར་འབད་བའི་བསྒང་ཡོདཔ་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཆེ་མཐོ་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༡ པ་གིས་ ཉེས་གྲོལ་བཏང་མི་ འགོ་དཔོན་གཞན་ཚུ་ཡང་ གྲངས་མང་ཁྲིམས་ཁྲི་ལུ་ མཐོ་གཏུགས་འབད་ནི་ཨིན་ཟེར་ཨིནམ་ད་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་ལྟོ་ མཐོ་གཏུགས་ཀྱི་ དུས་ཚོད་མཇུག་ཚུན་ དམག་སྡེའི་ཉེས་འདོགས་པའི་ གྲོས་ཆོད་ལུ་ སྒུག་སྟེ་ཡོདཔ་བཞིན་དུ་ དམག་སྡེ་གིས་ མཐོ་གཏུགས་མ་འབད་བ་ཅིན་ ལྷན་ཚོགས་ཀྱིས་ མཐོ་གཏུགས་འབད་ནི་ཟེར་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ གྲངས་མང་ཁྲིམས་ཁྲི་གིས་ ཆ་མེད་བཏང་མི་ཚུ་ཡང་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ནི་ཨིནམ་བཞིན་དུ་ ལྷན་ཚོགས་ཀྱིས་ སྤྱི་ཟླ་༨ པའི་ནང་ གྲངས་མང་ཁྲིམས་ཁྲི་གིས་ རྩོད་དོན་ཕྱིར་འབུད་མཛད་མི་ ལིང་དཔོན་སྲིད་རྒྱལ་ཚེ་དབང་དེ་ མངོན་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ད་ ཤེས་རྟོགས་བྱུང་མི་དང་འཁྲིལཝ་ད་ ཁ་ཙ་ཚུན་ སྙན་གསན་མ་མཛད་པས།

ལིང་དཔོན་སྲིད་རྒྱལ་ཚེ་དབང་གི་ཐད་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ མཐོ་གཏུགས་ཀྱི་ གནད་དོན་བཤད་ཡོད་རུང་ ད་རེས་ཀྱི་ཐད་ལུ་ མཐོ་གཏུགས་ཀྱི་གཞི་ ཁ་གསལ་སྦེ་ བརྡ་བརྒྱུད་ལུ་ སླབ་མ་བཏུབ།

དེ་འབདཝ་ད་ ལྷན་ཚོགས་ཀྱིས་ འགོ་དཔོན་༢ ཀྱི་རྩོད་དོན་ མཐོ་གཏུགས་མ་འབད་བར་ བཤོལ་བཞག་མིའི་ཐད་ལུ་ ཆེ་མཐོ་ཁྲིམས་འདུན་ཚུན་ལྷོད་པའི་ཤུལ་ལས་ མི་མང་ལུ་ མནོ་བསམ་བཏང་སའི་ཡུལ་ལུ་ གྱུར་ཏེ་ཡོདཔ་ད་ གནད་དོན་ནང་ འབྲེལ་བ་ཡོད་མི་ དངུལ་གྱི་འབོར་ཚད་ཉུང་ཤོས་ཡོད་མི་ འགོ་དཔོན་གཞན་ཡང་ཡོདཔ་ལས་ ལྷན་ཚོགས་ཀྱིས་ འགོ་དཔོན་༢ ལུ་ རྒྱབ་སྣོན་གྱི་ སྒྲུབ་བྱེད་མེད་པ་ཅིན་ དམག་སྡེའི་ཁྲིམས་འདུན་ནང་ བསྐྱལ་ནི་མི་འོང་ཟེར་ གནས་ཚུལ་བཤད་མི་ཅིག་གིས་ དྲི་བཀོད་འབདཝ་ཨིན་པས།

ཨིན་རུང་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལིང་དཔོན་རྡོ་རྗེ་ཊི་དང་ དམག་སྲིད་འོགམ་ ཀུན་ལེགས་རྡོ་རྗེ་༢ དམག་སྡེའི་ཉེས་འདོགས་པ་གིས་ དམག་སྡེའི་ཁྲིམས་འདུན་ལུ་ ཁྲིམས་གཏུགས་འབད་ཡོདཔ་མ་གཏོགས་ ལྷན་ཚོགས་ཀྱིས་ འབད་འབདཝ་མེདཔ་ལས་ སྙན་ཞུ་རྐྱངམ་གཅིག་བྱིན་ཡི་ཟེར་ ཨིན་པའི་གནས་ཚུལ།

ཚེ་རིང་རྣམ་རྒྱལ།

About admin

Check Also

ས་པུ་ན་ སུ་བྷ་གིས་ ཨི་ཇིཔ་དང་གཅིག་ཁར་ རྩེད་འགྲན་འབད་ནི།

༉ ད་རེས་ནངས་པར་ བྷ་རེན་ལུ་སྦེ་ རྒྱལ་སྤྱི་པེ་ར་བེཊ་མིན་ཊཱོན་རྩེད་འགྲན་༢༠༢༢ ནང་ འབྲུག་ལས་ པེ་ར་བེཊ་མིན་ཊཱོན་རྩེད་མི་ ས་པུ་ན་ སུ་བྷ་གིས་ བཅའ་མར་གཏོགས་ཡོདཔ་བཞིན་དུ་ རྐྱང་འགྲན་ནང་ ཐེངས་༡ རྒྱལ་ཁ་ཐོབ་ནུག། འཕྲལ་མགྱོགས་ར་ རྩེད་འགྲན་འབད་ནི་ཨིན་མིའི་ནང་ …

Leave a Reply

Your email address will not be published. Required fields are marked *