ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ཞིབ་དཔྱོདཔ་༢ ལུ་ འཇིགས་སྐྲག་སྟོན་ཡོདཔ།

༉ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ དབང་འདུས་ཕོ་བྲང་ལས་ ཨམ་སྲུ་ཅིག་དང་ ཕོ་སྐྱེས་ཅིག་གིས་ ལྷན་ཚོགས་ཀྱི་ ཞིབ་དཔྱད་འགོ་དཔོན་༢ ལུ་ གནོད་བཀལ་འབད་ནི་གི་ དཔའ་བཅམ་མི་དང་ བརྙས་བཅོས་ཐོག་ འཇིགས་སྐྲག་སྟོན་པའི་ ཉོགས་བཤད་ཡི་གུ་ བཙུགས་མི་དེ་ ཐིམ་ཕུག་གི་ ཁྲིམས་སྲུང་འགག་སྡེ་གིས་ ཐོ་བཀོད་འབད་ནུག།
མ་གཞི་ ཁྲིམས་སྲུང་འགག་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ ཁོང་གིས་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོད་ཟེར་ཨིན་རུང་ ཀུན་གསལ་གྱིས་གོ་མི་ ལོ་རྒྱུས་དང་འཁྲིལཝ་ད་ སྤྱི་ཟླ་༧ པའི་ཚེས་༢༣ ལུ་ འགོ་དཔོན་ཨམ་སྲུ་༢ ཁ་ཉེས་ཕོག་མི་ ཨམ་སྲུ་ཅིག་ ལྷན་ཚོགས་ནང་ དྲི་ཞིབ་འབད་བའི་ཤུལ་ལས་ དགྲ་འདུལ་དམག་ཁང་གི་ དོ་དམ་ཁང་ནང་ བསྐྱལ་བར་འགྱོ་བའི་སྐབས་ མི་༢ ཀྱིས་ ཧད་བཏགས་འཚོལ་ཐོག་ལས་ བརྙས་བཅོས་འབད་ནུག་ཟེར་ཨིན་པས།
ཁ་ཉེས་ཕོག་མི་ ཨམ་སྲུ་དེ་ མ་དངུལ་ཁ་བསྒྱུར་དང་ ཁྲལ་ལས་ཟུར་ཐབས་འབད་བའི་ དོགས་པ་ལུ་བརྟེན་ སྤྱི་ཟླ་༦ པའི་ཚེས་༡༡ པ་ལས་ ཞིབ་དཔྱད་ཀྱི་དོན་ལུ་ དོ་དམ་འོག་ལུ་ བཞག་ཡོདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཁ་ཉེས་ཕོག་མིའི་ཉེ་ཚན་ ཕོ་སྐྱེས་ཅིག་དང་ ཨམ་སྲུ་ཅིག་ ཁྲིམས་སྲུང་འགག་སྡེའི་ དོ་དམ་ཁང་ནང་བཞག་མི་ ཨམ་སྲུ་དེ་ལུ་ ཕྱི་རུའི་བཞེས་སྒོ་ བསྐྱལ་བར་འོང་སྟེ་ ལོག་ཁྱིམ་ནང་ འགྱོ་བའི་ལམ་ཁར་ ལྷན་ཚོགས་ཀྱི་ སྣུམ་འཁོར་མཐོང་སྟེ་ ཞིབ་དཔྱད་འགོ་དཔོན་༢ ཀྱི་ རྟིང་བདའ་འོང་ནུག་ཟེར་ཨིན་པས།
འགོ་དཔོན་༢ ཀྱིས་ ཨམ་སྲུ་དེ་ ཁྲིམས་སྲུང་འགག་པ་ལུ་ རྩིས་སྤྲོད་དེ་ ལོག་འོངམ་ད་ སྤུན་ཆ་ཨིན་མི་ ཨམ་སྲུ་དང་ ཕོ་སྐྱེས་ཀྱིས་ ཁོང་གི་ཨ་ཞེམོ་དེ་ དོ་དམ་ནང་ལས་ ནམ་གཏང་ནི་སྨོ་ཟེར་ སླབ་ནུག་ཟེར་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
དེ་བསྒང་ འགོ་དཔོན་༢ ཀྱིས་ མོ་ནམ་གཏང་འོང་ག་ ཁོང་གིས་ སླབ་མི་ཤེས་ནི་ཨིནམ་ལས་ ལྷན་ཚོགས་ལུ་ དྲི་དགོ་ཟེར་སླབ་ད་ ཁོང་སྤུན་ཆ་༢ ཀྱིས་ ཁྱེད་༢ སྐྱོ་སྐྱོཝ་དང་ ཁུངས་མེད་པའི་ མི་ཨིནམ་ལས་ བལྟ་གེ་སྨ་རེད་ཟེར་ སླབ་ནུག་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
འགོ་དཔོན་དེ་གིས་ ཁ་ཉེས་བཀལ་མིའི་ནང་ སྤུན་ཆ་༢ ལས་ ཨམ་སྲུ་དེ་གིས་ ལྷན་ཚོགས་ཀྱི་ འགོ་དཔོན་༢ ལུ་ རྩོད་དོན་དེ་ ངོ་རྐྱང་ཐོག་ལུ་ གྱུར་ཡོདཔ་མ་ཚད་ འགོ་དཔོན་ཚུ་གིས་ ཞེ་སྡུག་འབད་ར་ བསྣར་འགྱངས་བཞགཔ་མས་ཟེར་ སླབ་ཡོདཔ་མ་ཚད་ ཁོང་གི་འགོ་དཔོན་ཚུ་ དོ་དམ་འོག་ལུ་ བཙུགས་བཞག་ནི་ཨིན་ཟེར་ འཇིགས་སྐྲད་སྟོན་པའི་ཁར་ ཁོང་ག་ཨིན་ན་ ཁྱེད་ཀྱིས་མི་ཤེས་པས་ཟེར་ སླབ་ནུག་ཟེར་ཨིན་པས།
ངན་ལྷད་བཀག་སྡོམ་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཨམ་སྲུ་དེ་གིས་ ཞིབ་དཔྱོདཔ་༢ ལུ་ ཚིལ་མ་གཏོར་བྱིན་ཡོདཔ་མ་ཚད་ མོ་གིས་ ཁོང་བཞག་ར་མི་བཞག་ཟེར་ སླབ་ནུག་ཟེར་ཨིན་པས།
ཨིན་རུང་ འགོ་དཔོན་ཚུ་གིས་ འདི་བཟུམ་མའི་ གནོད་འཚེ་དང་ བརྙས་བཅོས་ དེ་ལས་ འཇིགས་སྐྲག་སྟོན་མི་དེ་ འགོ་དང་པ་མེན་ཟེར་ སླབ་ཨིན་པས།
དེ་ཡང་ སྤྱི་ཟླ་༦ པའི་ནང་ ནང་གསུག་སྤྲོད་ལེན་གྱི་ ཁ་ཉེས་ཕོག་མི་ ཁག་འབགཔ་ཅིག་གིས་ ལྷན་ཚོགས་ཀྱི་ འགོ་དཔོན་ཅིག་ལུ་ གདོང་རྒོལ་འབད་ནི་གི་ འཇིགས་སྐྲག་སྟོན་ཡོདཔ་མ་ཚད་ ཕུན་ཚོགས་གླིང་ལུ་ འགོ་དཔོན་ཅིག་གིས་ ལྷན་ཚོགས་ཀྱི་ ཐིབ་དཔྱད་འགོ་དཔོན་ཚུ་ལུ་ ངག་བརྗོད་ཕུལ་མི་དེ་ ཧྲལ་བཏང་སྟེ་ ཕྱགས་སྙིགས་ཧོད་ནང་ བཀོག་བཏང་པའི་ བྱུང་རྐྱེན་ཚུ་ཡོད་པའི་གནས་ཚུལ།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *