༉ ངན་ལྷད་བཀོག་སྡོམ་ལྷན་ཚོགས་ཀྱིས་ སྤ་རོ་རྒྱལ་སྤྱི་གནམ་ཐང་གི་ ནང་སྐྱོད་ཡིག་ཚང་ནང་ གཞུང་གི་མ་དངུལ་ས་ཡ་༧.༢༧༨ དེ་ཅིག་ ལོག་སྤྱོད་འབད་བའི་ ཁ་ཉེས་ལུ་ ཞིབ་དཔྱད་རྐྱབ་ཚར་ཏེ་ ཉེས་བཤེར་གྱི་དོན་ལུ་ འདས་པའི་ཟླཝ་ནང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་ལུ་ བཏང་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གི་ ཁྲིམས་རྩོདཔ་ཅིག་གིས་ སླབ་མིའི་ནང་ ཞིབ་དཔྱད་སྙན་ཞུ་དེ་ ལྷོད་ཡོད་རུང་ ད་ལྟོ་ བསྐྱར་ཞིབ་ཀྱི་དོན་ལུ་ བགོ་བཀྲམ་མ་འབད་བར་ཡོད་ཟེར་ཨིན་པས།
ལྷན་ཚོགས་ཀྱིས་ ནང་སྐྱོད་འགོ་དཔོན་དང་ ལས་བྱེདཔ་༨ ལུ་ ཕྱི་མི་ཚུ་ལས་ བསྡུ་ལེན་འབད་ཡོད་པའི་ དངུལ་འབོར་བསྡོམས་ དངུལ་ཀྲམ་ས་ཡ་༧.༢༧༨ ལོག་སྤྱོད་འབད་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ད་ ལྷན་ཚོགས་ཀྱི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ དངུལ་འབོར་ཡོངས་བསྡོམས་ལས་ དངུལ་ཀྲམ་ཡ་༢.༤༦༤ ཞིབ་དཔྱད་འགོ་མ་བཙུགས་པའི་ཧེ་མར་ གཞུང་གི་རྩིས་ཁྲ་ནང་ བཙུགས་ཡོད་པའི་ མངོན་གསལ་བྱུང་ནུག།
ནང་སྐྱོད་ཀྱི་འཐུས་ ལོག་སྤྱོད་འབད་ཡོད་པའི་ མ་དངུལ་མཐོ་ཤོས་ ནང་སྐྱོད་ཡིག་ཚང་གི་ ཡི་གུ་སྐྱེལ་ལེན་པ་ བསོད་ནམས་རྡོ་རྗེ་ལུ་ དངུལ་ཀྲམ་ས་ཡ་༥.༨༡༥ ལྐོག་ཟ་འབད་བའི་ ཉེས་འཛུགས་འབད་ཡོདཔ་ད་ དེ་གི་འོག་ལས་ ནང་སྐྱོད་ཞིབ་དཔྱོདཔ་ལས་རོགས་ ར་ཀྲུ་ལུ་ དངུལ་ཀྲམ་ས་ཡ་༠.༥༣༧ དང་ ནང་སྐྱོ་ཞིབ་དཔྱོདཔ་ལས་རོགས་ འཕྲིན་ལས་རྒྱ་མཚོ་ལུ་ དངུལ་ཀྲམ་ས་ཡ་༠.༢༥༢ ནང་སྐྱོད་ཞིབ་དཔྱོདཔ་ལས་རོགས་ རྡོ་རྗེ་དབང་ཕྱུག་ལུ་ དངུལ་ཀྲམ་༠.༢༥༠ ནང་སྐྱོད་ཞིབ་དཔྱོདཔ་ལས་རོགས་ སངས་རྒྱས་ནོར་བུ་ལུ་ དངུལ་ཀྲམ་༠.༢༢༢ དེ་ལས་ བདག་སྐྱོང་ལས་རོགས་རྟ་མགྲིན་དབང་ཕྱུག་ལུ་ དངུལ་ཀྲམ་༠.༡༣༣ དང་ ནང་སྐྱོད་འགོ་དཔོན་གོངམ་ བསོད་ནམས་རྡོ་རྗེ་ལུ་ དངུལ་ཀྲམ་༣༢,༥༠༠ བརྡ་དོན་འཕྲུལ་རིག་འགོ་དཔོན་ ཀུན་བཟང་དཔལ་མོ་ལུ་ དངུལ་ཀྲམ་༣༥,༠༠༠ ལོག་སྤྱོད་འབད་ཡོད་པའི་ ཉེས་འཛུགས་བཀལ་ནུག།
སྤྱི་ལོ་༢༠༡༢ ལུ་ ནང་སྐྱོད་ལས་ཁུངས་ཀྱིས་ ནང་སྐྱོད་འཐུས་ཀྱི་ འབྱོར་རྟགས་ཤོག་གྲངས་༡༠༠ རེ་འབད་མི་ དེབ་ཆུང་༥༠༠ པར་སྐྱུན་འབད་དེ་ སྤ་རོ་ནང་སྐྱོད་ཡིག་ཚང་ལུ་ སྤྲོད་ཡོདཔ་ད་ ནང་སྤྱོད་ཀྱི་འཐུས་ ཕྱི་མི་རེ་ལས་ ཌོ་ལར་༤༠ རེ་འབདཝ་ད་ དངུལ་ཀྲམ་༢,༥༠༠ དེ་རེ་ ལེན་ཡོདཔ་ཨིན་པས།
ལྷན་ཚོགས་ཀྱིས་ ཞིབ་དཔྱད་རྐྱབ་ད་ འབྱོར་རྟགས་ཀྱི་དེབ་ཆུང་༡༣ འབདཝ་ད་ ཤོག་བྱང་༡,༣༠༠ མ་ཚང་མི་ལས་ ནང་སྐྱོད་འགོ་དཔོན་ཚུ་གིས་ འབྱོར་རྟགས་ཀྱི་ ཤོག་བྱང་༦༩༢ ལོག་སྤྱོད་འབད་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ ཞིབ་དཔྱད་སྙན་ཞུ་ནང་བཀོད་ནུག།
གནད་དོན་དེ་ཡང་ སྤྱི་ལོ་༢༠༡༥ ཟླ་༦ པ་ལས་ སྤྱི་ལོ་༢༠༡༧ ཟླ་༣ པ་ཚུན་ ནང་སྲིད་དང་ སྲོལ་འཛིན་ལྷན་ཁག་གི་ ནང་འཁོད་རྩིས་ཞིབ་ལན་ཐེངས་༢ རྩིས་ཞིབ་འབད་བའི་ཤུལ་ལས་ སྤ་རོ་རྒྱལ་སྤྱི་གནམ་ཐང་གི་ ནང་སྐྱོད་འགོ་དཔོན་ཚུ་གིས་ གཞུང་དངུལ་ལོག་སྤྱོད་འབད་ཡོད་པའི་ དོགས་པ་ཆགས་པའི་ཤུལ་ལུ་ ནང་སྲིད་དྲུང་ཆེན་གྱིས་ ཞིབ་དཔྱད་ཀྱི་དོན་ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལུ་ ན་ཧིང་ སྤྱི་ཟླ་༤ པའི་ཚེས་༡༢ ལུ་ བཏང་ཡོད་པའི་གནས་ཚུལ།
རིག་འཛིན་དབང་ཕྱུག།