ངན་ལྷད་ཁྱབ་ཆེར་ཡོད་མི་དེ་ གོ་གནས་ཀྱི་ དམ་བཅའ་ལས་ འགལ་བའི་བརྡ་མཚོན།

༉ རྒྱལ་ཁབ་ནང་ ངན་ལྷད་དེ་ འགོ་དང་འགོ་ལས་ར་ བཀག་ཐབས་འབད་དགོཔ་ གལ་ཆེཝ་སྦེ་གཟིགས་ཏེ་ མ་འོངས་མངོན་མཁྱེན་གྱི་བདག་ཉིད་ འབྲུག་རྒྱལ་བཞི་པ་མཆོག་གི་ བཀའ་ཆབ་འོག་ལུ་ སྤྱི་ལོ་༢༠༠༥ ཟླ་༡༢ པའི་ཚེས་༣༡ གམ་ ཤིང་བྱ་ཟླ་༡༠ པའི་ཚེས་༣༠ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་དེ་ གཞི་བཙུགས་གནང་ཡི།
དེ་ལས་ཚུར་ ངན་ལྷད་ཀྱི་གནས་ཚད་ མར་བབས་འགྱོ་ཡོད་པའི་ རེ་འདོད་བསྐྱེད་རུང་ འཕྲལ་ཁམས་ལུ་ ལྡོག་ཕྱོགས་ཚོགས་པ་གིས་ རྒྱལ་ཁབ་ནང་ དཀའ་ངལ་དང་སྟབས་མ་བདེཝ་སྦོམ་ཤོས་ཅིག་ ངན་ལྷད་འདི་ཨིན་ཟེར་ སླབ་མི་ལུ་ བལྟ་བ་ཅིན་ ངན་ལྷད་ཀྱི་ གནས་ཚད་དེ་ མ་འགྲིགས་པར་ ནེ་སྦེ་ར་གནས་ཡོད་པའི་ བརྡ་མཚོན་དང་ སྤྱི་གཡོགཔ་ ཡང་ཅིན་ གཞུང་འཛིན་ཚུ་གི་ཧོངས་ལས་ རྩ་ཁྲིམས་ཆེན་མོའི་ནང་གསལ་གྱི་ རང་སོའི་གོ་གནས་ཀྱི་ དམ་བཅའ་ལས་འགལ་ཡོད་པའི་ བརྡ་མཚོན་ཚུ་ གསལ་སྟོན་འབདཝ་མས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ ལོ་བསྟར་ཞིབ་དཔྱད་སྙན་ཞུ་ལུ་ གཞི་བཟུང་སྟེ་ ལྡོག་ཕྱོགས་ཚོགས་པ་གིས་ བཤད་མིའི་ནང་ སྤྱིར་བཏང་གིས་ ལས་ཚན་ཁག་ཆ་མཉམ་ནང་ ངན་ལྷད་ཁྱབ་ཆེ་དྲགས་སྦེ་ གནས་ཡོད་མི་ལས་ དམིགས་བསལ་དུ་ འཁོར་ལམ་བཟོ་བསྐྲུན་ནང་ ཕྱོགས་རིས་དང་ མཐུན་འགྱུར་ དེ་ལས་ ནང་གསུག་དང་ ལོག་སྤྱོད་དང་འབྲེལ་བའི་ངན་ལྷད་ རྒྱ་ཆེཝ་སྦེ་ར་ སྡོད་ནུག་ཟེར་ཨིན་མས།
ལྷན་ཚོགས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ འཁོར་ལམ་བཟོ་བསྐྲུན་གྱི་ལཱ་ནང་ འཛོལ་སྐྱོན་དང་ ངན་ལྷད་ལུ་བརྟེན་ སྤྱི་ལོ་༢༠༡༠-༢༠༡༥ གི་བར་ན་ མ་དངུལ་ས་ཡ་༤༦༧.༦༧ བྱེམ་ཕོག་མི་གིས་ ལོ་བསྟར་བཞིན་ དངུལ་ཀྲམ་ས་ཡ་༧༧.༩༥ དེ་རེ་ གྱོང་རྒུད་ཕོག་ནུག།
དེ་བཟུམ་སྦེ་ མི་མང་གི་ ཞབས་ཏོག་མཁོ་སྤྲོད་དང་ དམིགས་བསལ་དུ་ ཞི་གཡོག་དང་ལས་འཛིན་ དེ་ལས་ སྒེར་སྡེ་ཚུ་ནང་ གཡོག་གི་དོན་ལུ་ གདམ་འཐུ་དང་ གསར་བཙུགས་ཚུ་ནང་ ཕྱོགས་རིས་དང་ མཐུན་འགྱུར་དང་འབྲེལ་བའི་ངན་ལྷད་ ཤུགས་ཆེ་དྲགས་སྦེ་ཡོདཔ་ མངོན་གསལ་བྱུང་ནུག།
དེ་བཟུམ་མའི་ ངན་ལྷད་འཐབ་སྲོལ་ཡོད་མི་ཚུ་ གྲོང་གསེབ་གནས་རིམ་གྱི་ མི་སེར་དང་ རྒེད་འོག་དང་ སྤྱི་འོག་གནས་རིམ་གྱི་ལས་བྱེདཔ་ཚུ་གིས་ ཤེས་གསལ་དང་ མཐོང་གསལ་དུ་ཡོད་རུང་ རང་སོའི་སྒེར་གྱི་ ཕུགས་ཀྱི་མཐའ་དོན་དང་ ངོ་ཤེས་འདྲིས་ཤེས་ཀྱི་ ངོ་དང་སོ་ལུ་བལྟ་སྟེ་ སྙན་ཞུ་མ་འབད་བར་ བཞགཔ་ཨིན་མས།
རྒེད་འོག་གནས་རིམ་ནང་ སོ་ནམ་ཞིང་ལམ་ ཡང་ན་ ཟུར་ལམ་ ཀི་ལོ་མི་ཊར་དག་པ་ཅིག་ བཏོན་ས་ལུ་ཡང་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ལཱ་འབད་མི་ ཁག་འབགཔ་ལུ་ ལན་ཐེངས་གཉིས་དེ་རེ་ དངུལ་གྱི་མཁོ་འདོད་བཀོད་ས་དང་ ནགས་ཚལ་རྒྱ་སྐྱེད་འགོ་དཔོན་ཚུ་གིས་ ནགས་ཚལ་གྱི་སྐོར་ མི་སེར་ལུ་ སྦྱོང་བརྡར་དང་ ལྟ་སྐོར་སོགས་ག་ཏེ་ཡང་ འགོ་འདྲེན་འཐབ་འཐབ་མེད་པར་ ཉིན་འཐུས་དང་ འགྲུལ་འཐུས་ཚུ་བཙུགས་ཏེ་ ལེན་འབག་པའི་ ཁ་ཉེས་ཡོད་པའི་ཁར་ ས་འཇལ་པ་ཚུ་གི་ཐད་ལུ་ སའི་ཇོ་བདག་གིས་ གཞུང་གི་ངལ་སོའི་སྐབས་ འཐུས་ལོགས་སུ་སྦེ་སྤྲོད་དེ་ འཁྱིད་ན་མ་གཏོགས་ གཞུང་འབྲེལ་ཐོག་ ས་འཇལ་ནིའི་ དུས་ཚོད་ལས་རིམ་བསྒྲིགས་ཏེ་ རྩ་ལས་འོང་མི་བཏུབ་དོ་ཡོདཔ་ཨིན་རུང་ གཅིག་གིས་གཅིག་ལུ་ མ་སླབ་པར་བཞགཔ་ཨིན་མས།
དེ་ཚུ་ག་ར་ རང་གི་གོ་གནས་ཀྱི་ དམ་བཅའ་ལས་ འགལ་བ་ཨིནམ་ལས་ དམ་བཅའ་ཟེར་མི་དེ་ དང་ཕུ་འབད་བ་ཅིན་ མནའ་འབོ་དོ་བཟུམ་ཅིག་ཨིན། མནའ་ཟ་མི་ལས་ཉམས་ནི་དེ་ མི་དགེ་བ་ཚབས་ཅན་ཅིག་ཨིནམ་མ་ཚད་ དང་པ་ གཞུང་ལས་ ཤེས་ཡོན་སྟོང་པར་བྱིན་ གཉིས་པ་སྦྱོང་བརྡར་ནང་བཏང་ གསུམ་པ་ཐུགས་གཏད་དེ་ ལཱ་གཡོག་གི་ འགན་ཁུར་སྤྲོད་གནང་མི་ལུ་ ཤ་ཚ་ཧིང་ཚའི་ཐོག་ལས་ གཞུང་དང་མི་སེར་གྱི་ མཐའ་དོན་ལུ་ ཕྱག་ཕྱིད་ཞུ་དགོཔ་ཁག་ཆེ། དེ་ཡང་ ཚེ་ད་རིས་ལས་ ཤུལ་མ་ཡུན་ཐག་རིང་། ཟེར་སླབ་སྲོལ་ཡོད་མིའི་དོན་དག་དེ་ལུ་ བསམ་ཞིབ་མཛད་པ་ཅིན་མཁྱེན་ཚུགས།

About admin

Check Also

ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་ གངམ་མེད་ནི་དེ་གིས་ ཕགཔ་གསོ་སྐྱོང་འབད་མི་ཚུ་ ཚ་གྱང་ལང་སྟེ་ཡོདཔ།

༉ ཕགཔ་གི་ལྟོའི་གོང་ཚད་ཡར་སེང་འགྱོ་མི་དང་ ནང་འཁོད་ལས་ ཕག་ཤའི་མཁོ་འདོད་བཀོད་མི་མར་བབས་འགྱོ་མི་ དེ་ལས་ སྐྱིན་འགྲུལ་བཏབ་མ་ཚུགས་པའི་ གནད་དོན་ཚུ་ལུ་བརྟེན་ རྩི་རང་དང་ དར་དཀར་ནང་ དེ་ལས་ གསར་སྤང་གི་ ཕགཔ་གསོ་སྐྱོང་འབད་མི་ སོ་ནམ་པ་ཚུ་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས། དེ་ཡང་ …

Leave a Reply

Your email address will not be published. Required fields are marked *