ངན་ལྷད་ཀྱི་ དཀའ་ངལ་ཚབས་ཆེན?

༉ དུས་ཅི་ སྤྱི་ཟླ་༡ པའི་ཟླ་མཇུག་ཁམས་ཅིག་ཁར་ རྒྱལ་སྤྱི་དྭངས་གསལ་ལས་སྡེ་གིས་ འབྲུག་གི་ངན་ལྷད་སྣང་ཚོར་གྱི་ གནས་རིམ་ཡར་དྲག་སོང་སྟེ་ འཛམ་གླིང་རྒྱལ་ཁབ་༡༨༠ ལས་ ངན་ལྷད་ཉུང་ཤོས་སམ་ གཙང་ཤོས་ཨང་རིམ་༢༤ པའི་ནང་ ཚུད་ཡོད་མིའི་སྐོར་ སྙན་ཞུ་༢༠༢༠ ཅན་མ་གསལ་སྟོན་འབདཝ་ད་ རྒྱལ་ཁབ་དང་ མི་སེར་ལུ་ དཔའ་ཉམས་བསྐྱེད་དགོཔ་བྱུང་ཡི།

དེ་གི་ནང་དོན་ཉིད་ལས་ འབྲུག་འདི་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་མཐུན་འབྲེལ་ཚོགས་པའི་༼སཱག༽ འཐུས་མི་རྒྱལ་ཁབ་ཚུ་གི་གྲས་ལས་ གཙང་ཤོས་ཀྱི་ གནས་རིམ་ནང་ ཚུད་དེ་ར་ཡོད་མི་དེ་གིས་ རྒྱལ་ཁབ་ནང་ ངན་ལྷད་ལག་ལེན་མེད་པའི་ བརྡ་མཚོན་སྟོན་ཡི།

ལུང་ཕྱོགས་རྒྱལ་ཁབ་ དཔེར་ན་ རྒྱ་གར་དེ་ ངན་ལྷད་ཡོད་པའི་ སྣང་ཚོར་གྱི་གནས་རིམ་ཨང་༨༦ དང་ ཤྲཱི་ལངྐ་དེ་ གནས་རིམ་ཨང་༩༤ ནེ་པཱལ་དེ་ གྲལ་རིམ་ཨང་༡༡༧ པ་ཀིསི་ཏཱན་དེ་༡༢༤ བང་ལ་དེཤ་དེ་ གྲལ་རིམ་ཨང་༡༤༦ པའི་ནང་ཚུད་ནུག།

ཨིན་རུང་ ད་རེས་ནངས་པར་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཚོང་འབྲེལ་ཆོག་ཐམ་ཚུ་ གནས་སྐབས་ཅིག་ ལག་ལེན་འཐབ་མ་ཆོག་པའི་ བཀག་འཛིན་གྱི་ གསལ་བསྒྲགས་གཅིག་ཤུལ་གཉིས་ཤུལ་ འབད་མི་དང་ ངན་ལྷད་ཀྱི་ རྩོད་དོན་ཚུ་ལུ་ ཞིབ་དཔྱད་འབད་བཞིན་དུ་ཡོད་མི་དེ་གིས་ རྒྱལ་སྤྱི་དྭངས་གསལ་གྱི་ སྙན་ཞུ་ལུ་ དོགས་པ་ཆགས་དགོཔ་བྱུང་ཡི། 

ད་ལྟོ་ ལྷན་ཚོགས་ཀྱིས་ ཕུན་ཚོགས་གླིང་ལུ་ ས་ཐོག་སྐྱེལ་འདྲེན་གྱི་ དོས་ཕབ་བཀལ་ས་ཁོངས་དང་ སྣུམ་འཁོར་ཊཱག་བཞག་སར་ ནང་གསུག་སྤྲོད་ལེན་དང་ གཡོ་སྒྱུ་ལག་ལེན་ལ་སོགས་པའི་ ཁ་ཉེས་ཚུ་ལུ་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་བཞིན་དུ་ ངན་ལྷད་དང་འབྲེལ་བའི་ ལས་སྣ་ཚུ་ནང་ འབྲེལ་བ་ཡོད་མི་ཚུ་ཡང་ ཁྲིམས་བསྟར་སྤྱོད་འབད་མི་ལས་སྡེ་ ཅ་དམ་དང་ ཁྲིམས་སྲུང་འགག་སྡེ་ འབྲུག་སོ་ནམ་དང་ཟ་ཆས་ཁྲིམས་དོན་དབང་འཛིན་གྱི་ འགོ་དཔོན་དང་ལས་བྱེདཔ་ དེ་ལས་ སྒྲིག་གཡོག་རྒྱུག་མི་ བདེ་སྲུངཔ་ཚུ་གིས་གཙོས་པའི་ ཅ་ཆས་ཉོགས་སེལ་འབད་མི་ སྒེར་སྡེའི་ངོ་ཚབ་དང་ ནང་འདྲེན་པ་ དོས་ཕབ་བཀལ་འབད་མི་ཚུ་ལུ་ དོགས་པ་ཡོད་ནི་དེ་གིས་ ཞིབ་དཔྱད་འབད་དོ་ཡོདཔ་ཨིན་མས།

འགོ་དཔོན་དག་པ་ཅིག་ ནང་གསུག་སྤྲོད་ལེན་དང་ ངན་ལྷད་འཐབ་པའི་ དོགས་པ་ལུ་བརྟེན་ དོ་དམ་འོག་ལུ་བཞག་ཡོདཔ་ད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ རྒྱལ་ཁབ་ཀྱི་ ཚོང་འབྲེལ་ལྟེ་བ་ ཕུན་ཚོགས་གླིང་ལུ་ ཞིབ་དཔྱད་འབད་མི་དེ་ འགོ་དང་པ་མེན་པར་ སྤྱི་ལོ་༢༠༡༤ ལས་ར་ ནང་འདྲེན་པ་ཚུ་གིས་ ཁྲལ་ལས་ཟུར་ཐབས་དང་ ནང་གསུག་སྤྲོད་ལེན་ དེ་ལས་ ཚོང་ཟོག་གི་ གནས་གོང་མར་ཕབ་འབད་དེ་ ཅ་དམ་ལུ་ གསལ་སྟོན་འབད་བའི་ ཁ་ཉེས་ཚུ་ལུ་ ཞིབ་དཔྱད་འབད་དེ་ ངོ་རྐྱང་ལེ་ཤ་ཅིག་ར་ ཁྲིམས་ཀྱི་འདུན་སར་བསྐྱལ་ནུག།

དེ་བསྒང་ལས་ ཁྲིམས་བསྟར་སྤྱོད་འབད་མི་དང་ ཁྲལ་བཀལ་མི་ཚུ་གིས་ ནང་གསུག་ལེན་ཏེ་ ནང་འདྲེན་པ་ཚུ་ལུ་ ཁྲལ་ལས་ཟུར་ཐབས་འབད་བཅུག་པའི་ ཁ་ཉེས་ཚུ་ཡོདཔ་ད་ ད་རེས་འབད་རུང་ ཉོགས་བཤད་དེ་ར་ཨིན་མས།

ཁྲིམས་བསྟར་སྤྱོད་འབད་མི་དང་ ལྟ་རྟོག་པ་ཚུ་གིས་ར་ ངན་ལྷད་ནང་ གྲལ་གཏོགས་འབད་བ་ཅིན་ རྒྱལ་ཁབ་ནང་ ངན་ལྷད་སྔོན་འགོག་དང་ འཇོམས་ཐབས་བསྒྲིག་ནི་དེ་ གདོང་ལེན་ཅན་ཅིག་ འོང་ནི་མས།

མ་གཞི་ སྤྱི་ལོ་༢༠༠༦ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ གཞི་བཙུགས་འབད་ཞིནམ་ལས་ཚུར་ རྒྱལ་ཁབ་ནང་ ངན་ལྷད་མར་བབས་སོང་ཡོད་རུང་ ནད་ཡམས་ཀོ་བིཌ་-༡༩ འི་གནས་སྟངས་ནང་ར་ ཁྲལ་ཟུར་ཐབས་དང་ ནང་གསུག་སྤྲོད་ལེན་ལ་སོགས་པའི་ ངན་ལྷད་འབད་མི་ མང་སུ་ཐོན་མི་ལུ་ བལྟ་བ་ཅིན་ ངན་ལྷད་ལུ་ བཟོད་སེམས་མེད་པའི་ ལམ་སྲོལ་བཟོ་ནིའི་ བརྩོན་ཤུགས་བསྐྱེད་མི་དེ་ཡང་ གྲུབ་འབྲས་འཐོན་ཚུགས་པར་ ལཱ་ཁག་འོང་།

ང་བཅས་ཀྱིས་ མི་མང་འབྲེལ་དོན་ཚུ་དང་ སྤྱི་དངོས་དོན་སྨིན་ཅན་གྱི་སྒོ་ལས་ འཛིན་སྐྱོང་འཐབ་ནི་ དྲང་སྙོམས་དང་ཁག་འགན་ དེ་ལས་ ཁྲིམས་ཀྱི་མངའ་འོག་ལུ་ འདྲ་མཉམ་དང་ གཅིག་སྒྲིལ་ཉེན་སྲུང་འབད་དེ་ ངན་ལྷད་ལུ་ བཟོད་སེམས་མེདཔ་ བཟོ་དགོ་པ་ཅིན་ དང་པ་ར་ ཁྲིམས་བསྟར་སྤྱོད་འབད་མི་ཚུ་གིས་ མིག་དཔེ་སྟོན་དགོཔ་མ་ཚད་ ངན་ལྷད་སྔོན་འགོག་གི་ བརྩོན་ཤུགས་ཚུ་ལུ་ མི་ཆེ་འབྲིང་ཆུང་གསུམ་ག་ར་གིས་ འགན་ཁུར་སྤྱི་རུབ་འབག་སྟེ་ གདོང་ལེན་འབད་བ་ཅིན་ ངན་ལྷད་མར་ཕབ་འབད་ཚུགས་པའི་ འོས་འབབ་འདུག། 

About admin

Check Also

ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་མེད་པའི་དཀའ་ངལ།

༉ ཀྲོང་གསར་རྫོང་ཁག་ སྟངས་སི་སྦྱིས་རྒེད་འོག་ ཀེ་ལ་གཡུས་ཚན་གྱི་ དུར་ཁྲོད་ནང་ གཞི་རྟེན་མཐུན་རྐྱེན་ཚུ་ ཚངམ་སྦེ་མེདཔ་ལས་ མི་སེར་ཚུ ལཱ་ཁག་རྐྱབ་དོ་ཡོདཔ་ཨིན་པས། དུར་ཁྲོད་ནང་ འཐུང་ཆུ་དང་ གློག་མེ་ གསང་སྤྱོད་ དེ་ལས་ ཐབ་ཚང་ཚུ་མེདཔ་ལས་ …

Leave a Reply

Your email address will not be published. Required fields are marked *