ངན་ལྷད་ཀྱི་ གདོང་ལེན་འབད་བཞིན་དུ་ཡོདཔ།

༉ མདང་ཞག་ རྒྱལ་ཁབ་ནང་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་རྐྱབ་པའི་ནམ་དུས་ལུ་ དྲི་བ་སྣ་ཚོགས་བཀོད་མི་དང་འཁྲིལཝ་ད་ ངན་ལྷད་དང་འབྲེལ་བའི་ དྲི་བ་ཡོད་དེ་འབད་རུང་ མཐའན་མཇུག་ཁར་ མི་སེར་ལུ་ བཀོད་ནི་མེད་མི་དེ་ གནད་དོན་ག་ཅི་ལུ་བརྟེན་ཨིན་ན་ ནུབ་སྦིས་སྟང་སི་སྦྱིས་ཀྱི་འཐུས་མི་ དངོས་གྲུབ་བཟང་པོ་གིས་ ཞུ་ཡི།

བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ ཞུ་མིའི་ནང་ དམངས་གཙོའི་རིང་ལུགས་ནང་ ཕྱུགཔོ་དང་ཉམ་ཆུང་ མི་སྦོམ་དང་ཆུང་ཀུའི་བར་ན་ ཁྱད་པར་ཆགས་མི་དང་ ངན་ལྷད་ལུ་བརྟེན་ཏེ་ རྒྱུ་ཡོད་མི་ཚུ་ཡོདཔ་སྦེ་འགྱོ་ནི་དང་ མེད་མི་ཚུ་ སྤྱང་ཀ་བཟོ་ནི་གི་ ཉེན་ཁ་ཡོདཔ་ལས་ ངན་ལྷད་དེ་ ནམ་ར་འབད་རུང་ འཛེམ་མ་སྡོད་པར་ གདོང་ལེན་ག་ཅི་བཟུམ་ཡོད་རུང་ བཀག་ནིའི་དོན་ལུ་ གཞུང་གིས་ ལཱ་འབད་བཞིན་དུ་ཡོད་ཟེར་ཨིན་པས།
རྒྱལ་ཁབ་ནང་ མི་དང་ཁྱིམ་གྱི་གྲངས་རྩིས་ཐད་ཁར་ ཚོགས་ཆུང་ཅིག་ ལོགས་སུ་སྦེ་ གཞི་བཙུགས་འབད་ཡོདཔ་ལས་ དྲི་བ་ག་ཅི་བཟུམ་བཀོད་ནི་ཨིན་ན་ ག་དེ་སྦེ་ བཀོད་ནི་ཨིན་ན་ དྲི་བ་ག་དེམ་ཅིག་ བཀོད་ནི་ཨིན་ན་ཚུ་ ཚོགས་ཆུང་ཁོང་རའི་བར་ན་ ཁ་སླབ་སྟེ་འབད་དོ་ཡོདཔ་ལས་ གཞུང་གིས་ དེ་ནང་ལགཔ་རྐྱབ་ར་མ་རྐྱབ་ཟེར་ བློན་ཆེན་གྱིས་ཞུ་ཡི།
དེ་སྦེ་ འབད་དགོ་མི་དེ་ཡང་ གཞུང་གིས་ལགཔ་རྐྱབ་པ་ཅིན་ མི་སེར་ཚུ་གི་ གྲུབ་འབྲས་དེ་ལུ་ ཡིད་ཆེས་བསྐྱེད་མི་བཏུབ་དོ་འོང་ཟེར་མནོ་སྟེ་ གྲལ་གཏོགས་ར་ མ་འབད་ཟེར་ཞུ་ཡི།
ཨིན་རུང་ བློན་ཆེན་གྱིས་འབད་བ་ཅིན་ ཁོ་གིས་ ངན་ལྷད་དང་འབྲེལ་བའི་ དྲི་བ་གཉིས་ཡོད་མི་དེ་ བཏོན་བཏང་ཡོད་པའི་ ལོ་རྒྱུས་གོ་ཡོདཔ་ལས་ རྒྱལ་ཡོངས་གྲངས་རྩིས་ཡིག་ཚང་ལུ་ དྲི་ལྟ་བའི་སྐབས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ངན་ལྷད་དང་འབྲེལ་བ་ཡོད་མི་ རྒྱལ་ཡོངས་ཀྱིས་ བརྟག་ཞིབ་འབད་ཡོདཔ་ལས་ དྲི་བ་གཉིསཔོ་དེ་ ག་ཅི་ཡང་ འབད་མི་ཚུགས་ནི་མས་ཟེར་ བཏོག་བཏང་ཡོདཔ་སྦེ་ སླབ་མས་ཟེར་ཞུ་ཡི།
ངན་ལྷད་ཀྱི་ རྒྱལ་ཡོངས་ཀྱི་བརྟག་ཞིབ་དེ་ནང་ དྲི་བ་བསྡོམས་༩༠ བཀོད་ཡོདཔ་སྦེ་ཨིནམ་ད་ དེ་ཡང་ མི་སེར་བཅུ་ཕྲག་གཅིག་དང་བདུན་སྟོང་ལུ་ བཀོད་ཡོདཔ་སྦེ་ བློན་ཆེན་གྱིས་ཞུ་ཡི།
དེ་མ་ཚད་ མི་རློབས་དང་ཁྱིམ་གྱི་གྲངས་རྩིས་ འགོ་འདྲེན་འཐབ་པའི་སྐབས་ དྲི་བ་ཡོངས་བསྡོམས་༡༧༧ ཡོད་མི་དེ་གིས་ ཁྱིམ་གཅིག་ནང་ དུས་ཡུན་ཆུ་ཚོད་༡ དང་ སྐར་མ་༢༠ རེ་འགོར་དོ་ཡོདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ དྲི་བ་དེ་ རྒྱལ་ཡོངས་བརྟག་ཞིབ་ཀྱི་ དྲི་བ་༩༠ བཀོད་མིའི་ནང་ འཐུས་ནི་མས་ཟེར་མནོ་སྟེ་ བཏོགས་བཏང་ཡོདཔ་སྦེ་ཡང་ བཤདཔ་མས་ཟེར་ བློན་ཆེན་གྱིས་ ཞུ་ཡི།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ རྒྱལ་ཡོངས་བརྟག་ཞིབ་དེ་གི་དོན་ལུ་ ཟླ་ངོ་༣ གྱི་རིང་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣.༦ བཏང་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

About admin

Check Also

རྒྱལ་ཡོངས་ལུ་ གདམ་ཁ་རྐྱབ་དགོཔ།

༉ ད་འབདན་ ན་འཐན་ར་སྦོ་ལོགས་ཁར་ ལྷོད་དོ་ཡོད་མི་ འབྲུག་གི་སྤྱི་མཐུན་གྱི་གྲུབ་འབྲས་ འཐོན་ནི་དེ་ ཧ་ལམ་རན་དོ་ཡོདཔ་ལས་ ག་ར་གིས་ སེམས་ཁར་ཚ་གྱང་འབག་དོ་ཡོདཔ་འོང་། རྒྱལ་ཁབ་ནང་ དབང་ཚད་ཕྱིར་སྤེལ་གྱི་ ལམ་ལུགས་འགོ་བཙུགས་ཏེ་ ལོ་ངོ་བཅུ་ཕྲག་ལྷག་པའི་བསྒང་ལས་ དམངས་གཙོའི་རིང་ལུགས་ནང་ ལཱ་ཚུ་ག་དེ་སྦེ་ར་ …

Leave a Reply

Your email address will not be published. Required fields are marked *