༉ ཁ་ཙ་ འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱིས་ འཁོར་ལམ་གྱི་ གནས་སྟངས་ལུ་བརྟེན་ འགྲེམ་ཐོག་ཚོགས་རྒྱན་ལ་ལོ་ཅིག་ འགྲེམ་གྱི་ཡིག་ཚང་ནང་ ཕྱི་སུ་སྦེ་ ལྷོད་སྲིད་ནི་ཨིནམ་ལས་ ཕྱི་རུའི་ཆུ་ཚོད་༥ འབྱིད་རུང་ ངོས་ལེན་འགོ་དཔོན་ཚུ་གིས་ རྩིས་ལེན་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
ཁ་ཙ་ ཕྱི་རུའི་ཆུ་ཚོད་༥ གི་ནང་འཁོད་ལུ་ པདྨ་དགའ་ཚལ་གྱི་ འདེམས་ཁོངས་༣ ནང་ འགྲེམ་ཐོག་ཚོགས་རྒྱན་དང་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་བསྡོམས་༩,༩༧༥ ཐོབ་ཡོདཔ་ད་ དེའི་གྲས་ཁར་ ཕོ་སྐྱེས་༥,༢༩༩ དང་ ཨམ་སྲུ་༤,༦༧༦ ཡོདཔ་ཨིན་པས།
ངང་ལམ་དྲུང་ཁག་ ངང་ལམ་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་༡,༩༥༠ དང་ འགྲེམ་ཐོག་ཚོགས་རྒྱན་༥༡༧ ཐོབ་ཡོདཔ་ད་ ཡིག་ཤུབས་ཀ་པ་ ཁ་ཕྱེ་བའི་སྐབས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༣༢ ཆ་མེད་བཏང་མིའི་གྲས་ལས་ ཕོ་སྐྱེས་༢༧ དང་ ཨམ་སྲུང་༥ ཡོདཔ་ཨིན་པས།
ཡིག་ཚང་གིས་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་༡,༩༥༠ ཐོབ་མི་ལས་ ཕོ་སྐྱེས་༢ དང་ ཨམ་སྲུ་༡ བརྩིས་ཏེ་ ཡིག་ཤུབས་ཀ་པ་༣ ཆ་མེད་བཏང་ཡོདཔ་བཞིན་དུ་ འགྲེམ་ཐོག་ཚོགས་རྒྱན་༢༩ ཆ་མེད་བཏང་ཡོད་མིའི་གྲས་ཁར་ ཕོ་སྐྱེས་༢༥ དང་ ཨམ་སྲུ་༤ ཡོདཔ་ཨིན་པས།
ངོས་ལེན་འགོ་དཔོན་ཡིག་ཚང་གི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཡིག་ཤུབས་ཀ་པ་ཚུ་ ཆ་མེད་བཏང་མི་དེ་ཡང་ ངོས་འཛིན་གསལ་སྟོན་ལག་ཁྱེར་ནང་ སྲིད་ཚོགས་ཀྱི་མིང་ བྲིས་ཡོད་མི་དང་ ཡིག་ཤུབས་ཀ་པའི་ནང་ ཚོགས་རྒྱན་གྱི་ ཤོག་བྱང་བཙུགས་ཡོད་མི་ དེ་ལས་ འདེམས་ངོ་དང་ དཔང་པོའི་རྟགས་མེད་མི་ལ་སོགས་པ་ཚུ་ལུ་བརྟེན་ ཨིན་ཟེར་ཨིན་པས།
དེ་ལས་ ན་ནོང་-ཤུ་མར་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༣,༢༩༨ ཐོབ་མི་ལས་༢,༥༡༠ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་ཨིནམ་ད་ ཕོ་སྐྱེས་༢ དང་ ཨམ་སྲུ་༡༠ འབདཝ་ད་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཀ་པ་༡༢ ཆ་མེད་བཏང་ཡོདཔ་བཞིན་དུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཀ་པ་༥ ཆ་མེད་བཏང་ཡོདཔ་ཨིན་པས།
ངོས་ལེན་འགོ་དཔོན་ བསོད་ནམས་བུམ་ཏཔ་གིས་ སླབ་མིའི་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཀ་པ་ ཆ་མེད་བཏང་མི་ཚུ་ཡང་ ངོས་འཛིན་གསལ་སྟོན་ལག་ཁྱེར་ནང་ མི་ཁུངས་ངོ་སྤྲོད་ལག་ཁྱེར་ཨང་དང་ འདེམས་ཁོངས་ཀྱི་མིང་ལ་སོགས་པ་ བྲིས་ཏེ་མེད་མི་ལུ་བརྟེན་ ཨིན་ཟེར་ཨིནམ་ད་ བཙག་འཐུ་ལྷན་ཚོགས་ཀྱིས་ འདེམས་ཁོངས་དེ་ནང་ འགྲེམ་ཐོག་ཚོགས་རྒྱན་༨༣༡ སྤྲོད་ཡོདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ ངང་ལམ་འདེམས་ཁོངས་ཀྱི་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་༧ དང་ མཁར་-གཡུ་རུང་འདེམས་ཁོངས་ཀྱི་ འགྲེམ་ཐོག་ཚོགས་རྒྱན་༡ ཐོབ་ཡོད་རུང་ ལོག་སྟེ་ར་ འདེམས་ཁོངས་དེ་༢ ནང་ བཏང་ཡི་ཟེར་ཨིན་པས།
དེ་བཟུམ་སྦེ་ མཁར་-གཡུ་རུང་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ཡིག་ཚང་གིས་ འགྲེམ་ཐོག་ཚོགས་རྒྱན་༣,༡༤༩ ཐོབ་ཡོདཔ་བཞིན་དུ་ ལྷན་ཐབས་འགྲེམ་ཐོག་ཚོགས་རྒྱན་༡,༠༦༡ ཐོབ་ཡོདཔ་ད་ དེའི་གྲས་ཁར་ ཕོ་སྐྱེས་༨༡༤ དང་ ཨམ་སྲུ་༢༤༧ ཡོདཔ་ཨིན་པས།
པདྨ་དགའ་ཚལ་ལུ་ འོས་ལྡན་གྱི་ ཚོགས་རྒྱན་བཙུགས་མི་༢༦,༡༤༡ དེ་ཅིག་ ཐོ་བཀོད་འབད་མིའི་གྲས་ལས་ ཕོ་སྐྱེས་༡༢,༧༠༠ དང་ ཨམ་སྲུ་༡༣,༤༤༡ ཡོད་པའི་གནས་ཚུལ།
ངང་ལམ་ལས་ སྐལ་བཟང་དབང་ཕྱུག།