༉ ལོ་༢ ཀྱི་ཧེ་མ་ སློབ་རིམ་༡༠ པ་མཐར་འཁྱོལ་བའི་ཤུལ་ལས་ བུམོ་༧ འབད་མི་ སྡེ་ཚན་ཅིག་གིས་ ཤེས་ཡོན་འཕྲོ་མཐུད་སྦྱང་ནི་དང་ ཡང་ཅིན་ ལཱ་གཡོག་ནང་མེན་པར་ སོ་ནམ་གྱི་ ལཱ་འབད་དེ་ སྡོད་ནི་སྦེ་ གདམ་ཁ་རྐྱབ་ནུག།
དེ་ཡང་ སྡེ་ཚན་གྱིས་ ཧེ་མ་བཟུམ་མེན་པར་ དེང་སང་སོ་ནམ་འཕྲུལ་ཆས་ ལག་ལེན་འཐབ་ཐོག་ལས་ སོ་ནམ་གྱི་ ལཱ་འབད་ཐངས་ཚུ་ བསྒྱུར་བཅོས་རྐྱབ་ནི་ལུ་དམིགས་ཏེ་ཨིནམ་ད་ སྡེ་ཚན་དེ་གི་ འཐུས་མི་ལ་ལོ་གིས་ ཤེས་ཡོན་དང་འབྲེལ་བའི་ སྦྱོང་བརྡར་ཚུ་ གོ་སྐབས་ཐོབ་རུང་ ངོས་ལེན་མ་འབད་བས།
བདུན་ཕྲག་འདི་ནང་ བུམོ་སྡེ་ཚན་དེ་གིས་ ངང་ལམ་ནོར་བུ་སྒང་རྒེད་འོག་གི་ས་གནས་ ཊཱན་འཛིན་མ་ལུ་ ཆུ་ཞིང་ཨེ་ཀར་༢ ནང་ འབྱ་འཛུགས་སྐྱོང་འབད་ཡོདཔ་བཞིན་དུ་ གནམ་དགུན་ལུ་ ཨེ་མ་དང་ ཚོད་བསྲེའི་རིགས་ཚུ་ཡང་ འཛུགས་སྐྱོང་འབད་ནི་གི་ ལས་འཆར་འདུག།
དགའ་ཤ་རི་ལས་ སྐྱེས་ལོ་༡༩ ལང་མི་ བསོད་ནམས་དཔལ་མོ་གིས་ སླབ་མིའི་ནང་ མོ་གིས་ སྤྱི་ལོ་༢༠༡༥ ལུ་ པདྨ་དགའ་ཚལ་ངང་ལམ་སློབ་གྲྭ་ལྟེ་བ་ལས་ སློབ་རིམ་༡༠ པ་མཐར་འཁྱོལ་བའི་ཤུལ་ལས་ ཁྱིམ་ནང་ཕམ་གཉིས་ལུ་ ཆ་རོགས་འབད་སྡོད་པའི་སྐབས་ མོ་གི་གཡུས་ཁར་ ལྟ་སྐོར་ལུ་འོང་མི་ རྫོང་ཁག་སོ་ནམ་འགོ་དཔོན་གྱིས་ མོ་ལུ་ སོ་ནམ་གྱི་ ལཱ་འབད་དགོ་པའི་ སེམས་ཤུགས་བྱིན་ཡི་ཟེར་ཨིན་པས།
དེ་བསྒང་ མོ་གིས་ སོ་ནམ་གྱི་ལཱ་ འགོ་བཙུགས་ནིའི་ རེ་བ་ཡོད་རུང་ ཉམས་མྱོང་མེདཔ་ལས་ སོ་ནམ་དང་འབྲེལ་བའི་ སྦྱོང་བརྡར་ཅིག་ གནང་དགོ་པའི་ ཞུ་བ་འབད་ཡོདཔ་བཞིན་དུ་ རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ ཉིན་གྲངས་༦ གི་རིང་ རྒྱ་གར་སི་ཀིམ་ལུ་ ལྟ་སྐོར་འབད་བར་ ཁྱིད་ཡོདཔ་ད་ དེ་བསྒང་ སོ་ནམ་དང་ གནམ་དགུན་གྱི་ ཚོད་བསྲེའི་རིགས་ཚུ་གི་སྐོར་ལས་ ལྷབ་སྦྱང་འབད་ཡི་ཟེར་ཨིན་པས།
སྐྱེས་ལོ་༡༩ ལང་མི་ རིག་འཛིན་སྒྲོལ་དཀར་གྱིས་ སླབ་མིའི་ནང་ སྡེ་ཚན་གྱི་ དམིགས་གཏད་ངོ་མ་ར་ གནམ་དགུན་གྱི་ ཨེ་མ་དང་ ཚོད་བསྲེའི་རིགས་ཚུ་ འཛུགས་སྐྱོང་འབད་ནི་དེ་ཨིན་རུང་ ད་ལྟོ་ དུས་ཚོད་མེནམ་ལས་ ཁོང་ར་འདུ་འཛི་ཅན་སྦེ་ སྡོད་ཐབས་ལུ་ ལྕང་ལཱ་རྐྱབ་ཅི་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སྡེ་ཚན་ལུ་ གཏན་འཇགས་ཀྱི་ ས་ཞིང་མེདཔ་ལས་ ད་ལྟོ་ ལོ་༥ འི་རིང་ གཞན་གྱི་ས་ཞིང་ གླ་ཁར་ལེན་ཏེ་ ལཱ་འབད་དོ་ཟེར་ཨིནམ་ད་ མ་གཞི་ སྡེ་ཚན་དང་ སའི་ཇོ་བདག་གི་བར་ན་ གན་རྒྱ་བཟོ་སྟེ་ཡོད་རུང་ མ་འོངས་པར་ ཉོགས་འཛིན་རེ་ མི་འཐོན་ག་ཟེར་ ཚ་གྱང་ལངམ་མས་ཟེར་ བཤདཔ་ཨིན་པས།
རིག་འཛིན་སྒྲོལ་མ་གིས་ སླབ་མིའི་ནང་ སོ་ནམ་གྱི་ལཱ་དེ་ གྲུབ་འབྲས་ཅན་སྦེ་ འཐོན་པ་ཅིན་ རྫོང་ཁག་༢༠ ག་རའི་ནང་ བཙོང་ནི་དང་ སོ་ནམ་འཕྲུལ་ཆས་ཚུ་ཡང་ ཉོ་ནི་གི་ འཆར་གཞི་ཡོད་ཟེར་ཨིན་པས།
སྐྱེས་ལོ་༡༩ ལང་མི་ བསོད་ནམས་ནོར་འཛོམས་ཀྱིས་ སླབ་མིའི་ནང་ བཀྲིས་སྒང་རང་འབྱུང་ འཕྲུལ་རིག་སྦྱོང་བརྡར་སྤེལ་ཁང་ནང་ སྦྱོང་བརྡར་འབད་ནིའི་དོན་ལུ་ བཙག་འཐུ་གྲུབ་ཡོད་རུང་ སོ་ནམ་གྱི་ལཱ་ལུ་ གདམ་ཁ་རྐྱབ་མི་དེ་ཡང་ ད་རེས་ནངས་པར་ མཐོ་རིམ་ཤེས་ཚད་ཀྱི་ ལག་ཁྱེར་ཡོད་རུང་ ལཱ་གཡོག་འཐོབ་ནི་ལུ་ དཀའ་ངལ་ཡོད་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ སོ་ནམ་གྱི་ལཱ་དེ་ རྩ་འགེངས་འབད་བ་ཅིན་ གྲུབ་འབྲས་འཐོན་མ་ཚུགས་པའི་ དཔེ་མེད་ཟེར་ཨིནམ་ད་ ལཱ་གཡོག་འཚོལ་ནི་དེ་ དུས་ཚོད་བར་སྟོང་ཨིནམ་ལས་ མ་འོངས་པར་ ཁོང་རའི་ཨ་ལོ་ཚུ་ཡང་ ལཱ་གཡོག་འཚོལ་མ་བཅུག་པར་ སོ་ནམ་གྱི་ལཱ་ འབད་བཅུག་ནི་ཨིན་ཟེར་ བཤདཔ་ཨིན་པས།
རྫོང་ཁག་སོ་ནམ་སྡེ་ཚན་གྱིས་ ཞིང་རྨོ་འཕྲུལ་ཆུང་ཀུ་ཅིག་ སྡེ་ཚན་དེ་ལུ་ མཁོ་སྤྲོད་འབད་ཡོད་རུང་ ལག་ལེན་འཐབ་མ་ཤེས་པའི་ གདོང་ལེན་བྱུང་སྟེ་ཡོད་ཟེར་ སྐྱེས་ལོ་༢༡ ལང་མི་ བསོད་ནམས་གཡུ་སྒྲོན་གྱིས་ བཤདཔ་ཨིན་པས།
མོ་གིས་འབད་བ་ཅིན་ སྡེ་ཚན་ལུ་ ལས་མི་མ་འཐོབ་མི་དང་ ཞིང་ཆུའི་དཀའ་ངལ་ཡོདཔ་ད་ སྡེ་ཚན་གྱི་ འཐུས་མི་གཞན་ཚུ་གིས་ སླབ་མིའི་ནང་ མ་འོངས་པར་ གཞུང་གི་ས་ཆ་ གླ་ཁར་ལེན་ནིའི་དོན་ལུ་ འོས་འབབ་ཚུ་ བལྟ་དོ་ཟེར་ཨིན་པས།
རྫོང་ཁག་སོ་ནམ་སྡེན་ཚན་གྱིས་ སྡེ་ཚན་ལུ་ ས་ཆ་གླ་ཁར་ལེན་ནིའི་ནང་ རྒྱབ་སྐྱོར་འབད་འོང་ཟེར་ སླབ་ཡོདཔ་མ་ཚད་ འབྱ་འཛུགས་སྐྱོང་འབད་བའི་སྐབས་ པ་ཝར་ཊི་ལར་གྱིས་མ་ཚད་པར་ སོ་ནམ་འཕྲུལ་ཆས་གཞན་ཚུ་ཡང་ རྒྱབ་སྐྱོར་འབད་ཡོད་པའི་གནས་ཚུལ།
ནོར་བུ་སྒང་ལས་ སྐལ་བཟང་དབང་ཕྱུག།