ང་བཅས་རའི་ ཨ་ལོ་ཚུ་ ཉེན་སྐྱོབ་འབད་དགོཔ།

༉ ན་ཧིང་རྫོང་ཁག་ཅིག་ནང་ སྐྱེས་ལོ་༡༢ ལང་མི་ སློབ་ཕྲུག་བུམོ་ཅིག་གིས་ རང་སྲོག་གཅད་ནི་སྦེ་ མནོ་བསམ་ན་འཐན་བཏང་སྟེ་ སྡོད་ཡོད་པའི་ ལོ་རྒྱུས་གོ་ཡི།
དེ་ཡང་ མོ་གི་ཨ་པ་ ཆང་ཟེ་དེ་གིས་ མོ་གི་གཟུགས་ཁར་ ཚུལ་དང་མ་མཐུནམ་སྦེ་ ལགཔ་འདོགས་ཡོདཔ་མ་ཚད་ བུམོ་ལུ་ ཁོ་གི་འགྲུལ་འཕྲིན་ནང་ འདོད་སྤྱོད་གློག་བརྙན་ བལྟ་བཅུག་ནུག།
མོ་གིས་ ཐབས་ཆག་མི་ཨའི་དང་ ནུམོ་བལྟ་དགོཔ་ལས་ རང་སྲོག་རང་གཅད་ འབད་མ་ནུམ་པར་ གྲོགས་རམ་འཚོལ་བའི་ཤུལ་ལུ་ མོ་རའི་ཨ་པ་ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་འབད་བའི་ རྩོད་བཤེར་བཙུགས་ཡོདཔ་བཞིན་དུ་ རྫོང་ཁག་ཁྲིམས་འདུན་ལས་ རྩོད་ཟླ་ཨ་པ་ལུ་ བཙོན་ཁྲིམས་ཟླ་ངོ་༤ རྐྱངམ་གཅིག་ བཀལ་མི་དེ་ཡང་ རྩོད་རྩ་བུམོ་དེ་ལུ་ འདོད་སྤྱོད་དང་འབྲེལ་བའི་གནོད་འཚེ་དང་ གསར་སྤེད་རྐྱབ་པའི་ སྒྲུབ་བྱེད་མེད་ནི་དེ་གིས་ཨིན་མས།
ཁྲིམས་སྡེ་གིས་ དྲང་ཁྲིམས་མིན་པའི་ འཁྲུན་ཆོད་གནང་མི་དེ་ ཨ་ལོའི་སྲུང་སྐྱོབ་ལུ་ བརྩི་མཐོང་མེདཔ་བཟུམ་ཅིག་ཨིནམ་ལས་ ངོས་ལེན་འབད་མ་ཚུགས་པའི་ འཁྲུན་ཆོད་ཅིག་ཨིན་མས།
འཕྲལ་ཁམས་ཅིག་ཁར་ གསར་བཏོན་འབད་མི་ ཨ་ལོ་ཚུ་ལུ་ རྩུབ་སྤྱོད་འབད་བའི་ བརྟག་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ འདོད་སྤྱོད་དང་འབྲེལ་བའི་ ལགཔ་འདོགས་ནི་དེ་ ཁྱིམ་དང་ སློབ་གྲྭ་གཉིས་ཆ་རའི་ནང་ བུཚ་དང་བུམོ་ཚུ་ལུ་བྱུང་མི་ རྩུབ་སྤྱོད་ཁྱབ་དྲགས་སྦེ་ཡོདཔ་མ་ཚད་ འདོད་པའི་པར་བརྙན་ཚུ་ནང་ཡང་ གོམས་འདྲིས་ཚུད་བཅུག་ནུག་ཟེར་ཨིན་མས།
ཨིན་རུང་ ཁྲིམས་འདུན་གྱིས་ སྒྲུབ་བྱེད་ཚུ་ ག་ཅི་འབད་རུང་ ཐེ་ཚོམ་ལས་གྲོལ་བའི་ མངོན་རྟགས་གསལ་སྟོན་ཐོག་ ཁྲིམས་འདུན་ལུ་ ཡིད་ཆེས་འདྲོངས་ཚུགསཔ་ བཟོ་ནི་ལུ་ གཙོ་བོར་བཏོནམ་ད་ ང་བཅས་རའི་ མི་སྡེ་ནང་ ཨ་ལོ་ཚུ་ལུ་ འདོད་སྤྱོད་དང་འབྲེལ་བའི་ རྩུབ་སྤྱོད་ཀྱི་ དཀའ་ངལ་ཚབས་ཆེན་ཚུ་ སྣང་ཆུང་སྦེ་བཞག་པའི་ མངོན་གསལ་བྱུང་ཡི།
དེ་ཡང་ བརྟག་ཞིབ་ཀྱི་ གྲུབ་འབྲས་གཞན་ཅིག་ནང་ དྲང་དཔོན་དང་ རྩོད་འཛིན་པ་ རྩོད་དྲུང་ ཁྲིམས་སྲུང་འགག་པ་ དེ་ལས་ ཁྲིམས་བསྟར་སྤྱོད་འབད་མི་ ལས་སྡེ་ཚུ་ལུ་ ཨ་ལོའི་སྲུང་སྐྱོབ་ཀྱི་ བཅའ་ཁྲིམས་དང་ བཅའ་ཡིག་ཚུ་གི་སྐོར་ལས་ ཤེས་རྟོགས་མིན་འདུག་ཟེར་ གསལ་བཀོད་འབད་མི་དེ་གིས་ བདེན་ཁུངས་གསལ་སྟོན་འབདཝ་མས།
ཁྲིམས་སྡེའི་ནང་ ཕྱག་ལཱ་གནང་མི་ཚུ་གིས་ར་ ཨ་ལོའི་སྲུང་སྐྱོབ་ཀྱི་ཁྲིམས་ཡིག་སྐོར་ ཧ་མ་གོ་བ་ཅིན་ ཨ་ལོ་ཚུ་ལུ་ འདོད་སྤྱོད་དང་འབྲེལ་བའི་ གནོད་འཚེ་དང་ སེམས་ཁམས་ཀྱི་ རྩུབ་སྤྱོད་ལ་སོགས་པའི་ རྩོད་དོན་ཚུ་ལུ་ འཁྲུན་ཆོད་ག་དེ་སྦེ་ བཏོན་ནི་ཨིན་ན? འདི་བཟུམ་མའི་ གནས་སྟངས་ནང་ ང་བཅས་ཀྱི་ ཨ་ལོ་ཚུ་གིས་ དྲང་ཁྲིམས་འཐོབ་ནི་ལུ་ ལཱ་ཁག་གཏང་ནི་དང་ དེ་གིས་ ཨ་ལོ་ཚུ་གི་ རྩུབ་སྤྱོད་ལུ་ ལྷན་ཐབས་འབད་ནི་གི་ ཉེན་ཁ་ཡོདཔ་ཨིན།
ལོ་ན་མ་སྨིན་པའི་ ན་ཆུང་ཚུ་ ཕྱི་གཟུགས་དང་ སེམས་ཁམས་ འདོད་སྤྱོད་ དེ་ལས་ དབུལ་ཕོངས་ལ་སོགས་པའི་ དཀའ་སྡུག་ཚུ་ མྱོངམ་ཨིན་མས།
བརྟག་ཞིབ་དང་འཁྲིལཝ་ད་ སྐྱེས་ལོ་༡༣ ལས་༡༧ གྱི་བར་ན་འབད་མི་ ཨ་ལོ་༡༠ གྱི་གྲལ་ལས་༡ དང་༢ དེ་ཅིག་ལུ་ ཁོང་རའི་མི་ཚེ་ནང་ འདོད་སྤྱོད་དང་འབྲེལ་བའི་ རྩུབ་སྤྱོད་ཀྱི་ ཉམས་མྱོང་ངན་པ་རེ་ བྱུང་དོ་ཡོད་པའི་ མངོན་གསལ་བྱུང་ནུག།
དེ་གི་ནང་དོན་ཉིན་ལས་ ད་རེས་ནངས་པར་ ཐིམ་ཕུག་ལུ་ ཁྲིམས་སྲུང་འགག་པ་གིས་ སྐྱེས་ལོ་༤༦ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་གནས་ཚང་གི་ ཨ་ཞེམོ་གི་ སློབ་ཕྲུག་སྐྱེས་ལོ་༡༤ ལང་མི་དང་ འདོད་སྤྱོད་འབད་ཡོདཔ་ལས་ བུམོ་དེ་ ཨ་ལོ་ཆགས་ཏེ་ཡོདཔ་བཞིན་དུ་ གནས་སྟངས་དེ་གིས་ རྒྱལ་ཁབ་ནང་ ཨ་ལོ་ཚུ་ལུ་ ཉེན་འཚུབས་ག་དེ་སྦེ་ བྱུང་དོ་ཡོདཔ་ཨིན་ན་ གསལ་སྟོན་འབདཝ་མས།
བརྟག་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ ང་བཅས་རའི་ ཨ་ལོ་ཚུ་ལུ་ གནོད་འཚེ་དང་ རྩུབ་སྤྱོད་བྱུང་མིའི་ གནད་དོན་གཙོ་བོ་ར་ ང་བཅས་ཀྱི་ མི་ཚུ་གིས་ ཨ་ལོའི་སྲུང་སྐྱོབ་ཀྱི་ ཁྲིམས་ཧ་མ་གོ་མི་དང་ ཕམ་ཆང་འཐུང་མི་དང་ ཡ་བྲལ་འགྱོ་མི་ དེ་ལས་ དབུལ་ཕོངས་དང་ རང་སོའི་ཉེ་ཚན་ཚུ་དང་ བརྟེན་སྡོད་མི་ལུ་བརྟེན་ཨིནམ་ད་ གནད་དོན་དེ་ཚུ་ གང་མགྱོགས་སྦེ་ སེལ་ཐབས་མ་འབད་བ་ཅིན་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་དེ་ མིང་ཙམ་ཐོག་གནས་ཏེ་ རྒྱལ་ཁབ་ཀྱི་ མ་འོངས་གནས་སྟངས་ བདག་འཛིན་འཐབ་མི་ ཨ་ལོ་ཚུ་ལུ་ རྩུབ་སྤྱོད་དང་ གནོད་འཚེ་ཚུ་ ལྷག་པར་དུ་ འབྱུང་ནི་གི་ ཉེན་ཁ་འདུག་ཟེར་ ཞུ་ནི་ཨིན།

About admin

Check Also

བསླབ་སྟོན་པ་གཞི་བཙུགས་ཐོག་ སྔོན་འགོག་གི་ཐབས་ལམ་བཏོན་དགོཔ།

༉ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཞུགས་སྐབས་ ཤེས་རིག་བློན་པོ་ ཇའེ་བིར་རའེ་གིས་ ཤེས་རིག་བཟའ་ཚང་དེ་ར་ སྦོམ་ཨིན་ནི་དེ་གིས་ བྱ་སྟབས་མ་བདེ་བའི་དཀའ་ངལ་དང་ གདོང་ལེན་ཐོན་རུང་ ན་གཞོན་ཚུ་ མ་འོངས་པའི་བདོག་གཏད་དང་ འགོ་ཁྲིདཔ་ཨིནམ་ལས་ སྔོན་འགོག་ཐབས་ལམ་དང་ ལཱ་ …

Leave a Reply

Your email address will not be published. Required fields are marked *