༉ འབྲུག་ཕུན་སུམ་ཚོགས་པའི་སྲིད་འཛིན་ པདྨ་རྒྱ་མཚོ་གིས་ སྤྱི་ཚོགས་གསུམ་པའི་ནང་ སྔར་བ་ལྷག་པའི་ལྡོག་ཕྱོགས་ སྒྲིང་སྒྲི་བཟོ་ཐོག་ལས་ ཕྱག་ཞུ་ནི་ཨིན་ཟེར་བཤད་ཅི།
འབྲུག་ཕུན་སུམ་ཚོགས་པ་གིས་ སྤྱི་ལོ་༢༠༠༨ ནང་ དམངས་གཙོའི་ཐོག་ བཙག་འཐུ་ཅན་གྱི་ གཞུང་སྐྱོང་སྦེ ཕྱག་ཞུ་ཡོདཔ་བཞིན་དུ་ ད་རིས་ སྡོད་ཁྲི་༤༧ ལས་༡༧ ཐོབ་མི་དེ་ སྤྱི་ལོ་༢༠༡༣ དང་ཕྱདཔ་ད་ སྡོད་ཁྲི་གཉིས་ཀྱིས་ ཡར་སེང་ཐོབ་ཡོདཔ་ལས་ སྤྱི་ཚོགས་ནང་ ལྡོག་ཕྱོགས་ཀྱི་ གོ་སྐབས་གཉིས་པའི་ཐོག་ ཕྱག་ཞུ་ནི་ཨིནམ་ད་ ད་རིས་ཀྱི་འདི་ སྤྱི་ལོ་༢༠༠༨ ལས་ཚུར་ ལྡོག་ཕྱོགས་ཀྱིས་ཐོབ་མི་ སྡོད་ཁྲིའི་གྱངས་ཁ་ མཐོ་ཤོས་ཅིག་ཨིན་ཟེར་ བཤདཔ་ཨིན་པས།
ལྡོག་ཕྱོགས་གསུམ་པ་འདི་ སྒྲིང་སྒྲི་གཅིག་འོང་ནི་ཨིན་མི་དེ་ཡང་ ང་བཅས་ལུ་ འདེམས་ངོ་ལྕོགས་གྲུབ་ཅན་ཙང་ཙ་ཡོད་ཟེར་བཤད་ཅི།
ང་བཅས་རའི་ ཚོགས་པ་འདི་ གྲུབ་འབྲས་ག་ཅི་བཟུམ་ཐོན་རུང་ གདོང་ལེན་དང་ ངོས་ལེན་འབད་ནིའི་དོན་ལུ་ འགོ་དང་འགོ་ལས་ར་ གྲ་སྒྲིག་འབད་བཞིན་དུ་ཡོད་ཟེར་ པདྨ་རྒྱ་མཚོ་གིས་ བཤད་པའི་ཁར་ བཙག་འཐུའི་གྲུབ་འབྲས་དེ་ སྔོན་བཤད་འབད་མ་ཚུགསཔ་ཅིག་ཨིནམ་མ་ཚད་ མི་མང་གི་ ཐག་བཅད་དང་ གདམ་ཁ་ལུ་ རག་ལསཔ་བཞིན་དུ་ དེ་ལུ་ ང་བཅས་ཀྱི་ཧོངས་ལས་ བརྩི་མཐོང་ཡོད་པའི་གུ་ ང་བཅས་རའི་ དམངས་གཙོའི་རིང་ལུགས་དེ་ བར་ཆད་སྦོམ་མ་ཞུགས་པར་ རིམ་འབྲས་ལེགས་ཤོམ་བྱུང་མི་ལུ་ དགའ་སྤྲོ་ཚད་མེད་ཡོད་ཟེར་བཤད་ཅི།
པདྨ་རྒྱ་མཚོ་གིས་ བཤད་མིའི་ནང་ འབྲུག་མཉམ་རུབ་ཚོགས་པ་ལུ་ གཞུང་སྐྱོང་ནིའི་ འགན་ཁུར་ཕོགཔ་བཞིན་དུ་ རྒྱལ་ཁབ་ནང་ གཅིག་མཐུན་དང་ ཞི་བདེ་ དགའ་སྐྱིད་ཀྱི་དོན་ལུ་ ལཱ་ཚུ་འབད་འོང་མནོ་བའི་ རེ་བ་ཡོདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་གཙོ་འཛིན་དང་ འདེམས་ངོ་ཆ་མཉམ་ལུ་ ངེ་གི་ཧོངས་ལས་ བཀྲ་ཤིས་ལེགས་སྨོན་ཡོད་ཟེར་བཤད་ཅི།
འབྲུག་ཕུན་སུམ་ཚོགས་པ་གིས་ གློག་ཤུགས་ལས་འགུལ་ལུ་ གཙོ་བོར་བཏོན་ཐོག་ལས་ དཔལ་འབྱོར་རང་མགོ་རང་འདྲོངས་བཟོ་ནིའི་དོན་ལུ་ སྐུལ་བསྒྲགས་འབད་ཡོདཔ་ད་ ཁོང་གི་ཁས་བླངས་གསལ་བསྒྲགས་ཚུ་ མི་སེར་དང་ རྒྱལ་ཁབ་ཀྱི་ མ་འོངས་ཡུན་རིང་གི་ ཞི་བདེ་དང་ དགའ་སྐྱིད་ཀྱི་དོན་ལུ་ བསམ་དཔྱད་ཐོག་བཟོ་བཟོཝ་ཨིན་ཟེར་བཤད་ཅི།
རིན་མེད་སྟོང་པ་དང་ ཡུན་ཐུང་གི་དམིགས་ཡུལ་ཚུའི་ཐད་ ཕན་གནོད་དང་ དགོས་ངེས་ཚུའི་སྐོར་ མནོ་བསམ་བཏང་དགོཔ་བཞིན་དུ་ ཕུན་སུམ་ཚོགས་པ་གིས་ སྐུལ་བསྒྲགས་སྐབས་ མཉམ་རུབ་ཚོགས་པ་གིས་ ཁས་བླང་གསལ་བསྒྲགས་འབད་མི་ རིན་མེད་སྟོང་པའི་ ཝའེ་ཕའེ་དང་ སྐྱེས་མ་ཚུ་ལུ་ ཟླཝ་༦ གི་འཐུས་ དེ་ལས་ སློབ་རིམ་༡༠ པའི་དོན་ལུ་ སྐུགས་ཚད་མེདཔ་བཟོ་ནི་དང་ སློབ་རིམ་དྲུག་པའི་ ཆོས་རྒྱུགས་མེདཔ་བཟོ་ནིའི་ ཁས་བླང་གསལ་བསྒྲགས་འབད་མི་ཚུའི་སྐོར་ ང་བཅས་ཀྱིས་ དྲི་བཀོད་འབད་ཡོདཔ་ཨིན་རུང་ མི་མང་གིས་ ལེགས་ཤོམ་སྦེ་ ཧ་གོ་མ་ཚུགས་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
ག་དེ་སྦེ་ཨིན་རུང་ ང་བཅས་ལུ་ བློ་ཕམ་མེདཔ་མ་ཚད་ འགོ་ཐོག་བཙག་འཐུའི་ གྲུབ་འབྲས་ཡང་ རེ་བ་ལས་ལྷགཔ་ཅིག་ཨིནམ་ལས་ རྒྱབ་སྐྱོར་གནང་མི་ག་ར་ལུ་ བཀའ་དྲིན་དགའ་ཚོར་སྦོམ་ཡོད་ཟེར་ གཙོ་འཛིན་གྱིས་ བཤད་ཅི།
གཙོ་འཛིན་གྱིས་འབད་བ་ཅིན་ ཚོགས་པ་ལུ་ འདེམས་ངོ་༤༧ ཆ་མཉམ་ར་ ལྕོགས་གྲུབ་དང་ ཉམས་མྱོང་ཡོད་མི་ཙང་ཙ་ཡོདཔ་ལས་ རྒྱལ་ཁ་འཐོབ་ནིའི་ རེ་བ་བསྐྱེད་ཡོདཔ་ཨིན་རུང་ མི་མང་གིས་ ཐག་བཅད་མི་ལུ་ བརྩི་བཀུར་ཡོད་ཟེར་ཨིནམ་ད་ ཕུན་སུམ་ཚོགས་པ་གིས་ སྤྱི་ཚོགས་རིམ་ཐེངས་གསུམ་གྱི་རིང་ ཕྱག་ཞུ་ནིའི་གོ་སྐབས་ཐོབ་ལས་ རྒྱལ་རབས་ཅན་གྱི་ ཚོགས་པ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ བཤད་ཡོད་པའི་གནས་ཚུལ།
སྐར་སྒྱུར་ ཀརྨ་བསྟན་འཛིན།