གློག་ཤུགས་ལུ་བརྟེན་པའི་ གླ་འཁོར་ཚུ།

གློག་ཤུགས་ལུ་བརྟེན་པའི་ གླ་འཁོར་༣༠༠ ལྷགཔ་ཅིག་ མཁོ་མངགས་འབད་ཡོདཔ།

༉ གླ་འཁོར་དེད་གཡོགཔ་ ལེ་ཤ་ཅིག་གིས་ གློག་ཤུགས་ལུ་བརྟེན་པའི་ གླ་འཁོར་མཁོ་མངགས་འབད་ནི་ལུ་ སྤྲོ་བ་བསྐྱེད་མི་དང་བསྟུན་ གློག་ཤུགས་ལས་འགུལ་ཡིག་ཚང་གིས་ མཁོ་མངགས་འབད་མི་༣༠༠ ལྷགཔ་ཅིག་ ཐོ་བཀོད་འབད་ཡོདཔ་ལས་ ཐོ་བཀོད་འབད་ནི་ ཚད་འཛིན་འབད་ཡོདཔ་ཨིན་པས།

ད་རེས་ འབྲུག་ལུ་ གློག་ཤུགས་གླ་འཁོར་༡༢༩ གིས་ མི་མང་གིས་ སྐྱེལ་འདྲེན་ཞབས་ཏོག་བྱིན་དོ་ཡོདཔ་མ་ཚད་ སྣུམ་འཁོར་༡༤༥ མཁོ་མངགས་འབད་མི་དེ་ འཕྲལ་མགྱོགས་ར་ འབྲུག་ལུ་ལྷོད་ནི་ཨིན་པས།

འབྲུག་ཡུན་བརྟན་བཙོག་རླུང་ཉུང་བའི་ ཁྲོམ་སྡེ་སྐྱེལ་འདྲེན་ལས་འགུལ་དེ་ སྤྱི་ལོ་༢༠༡༩ ལུ་ ས་སྣུམ་ལུ་བརྟེན་པའི་ གླ་འཁོར་༣༠༠ གི་ཚབ་སྦེ་ གློག་ཤུགས་ལུ་བརྟེན་པའི་ གླ་འཁོར་གསརཔ་བཙུགས་ནིའི་ དམིགས་གཏད་བསྐྱེད་མི་དེ་ དུས་ཅི་ སྤྱི་ཟླ་༩ པའི་ནང་ འགྲུབ་ནི་ཨིན་པས།

འབྲུག་ཡུན་བརྟན་བཙོག་རླུང་ཉུང་བའི་ སྐྱེལ་འདྲེན་ཞབས་ཏོག་ལས་འགུལ་དང་འཁྲིལཝ་ད་ གློག་ཤུགས་སྣུམ་འཁོར་ཚུ་ མཁོ་སྒྲུབ་འབད་ནི་ལུ་ ལྷན་ཐབས་མ་དངུལ་བརྒྱ་ཆ་༢༠ བྱིན་མི་དེ་ མང་ཤོས་ར་ ཡུ་ཨེསི་ཌོ་ལར་༥,༥༠༠ འབད་མི་དེ་ ད་ལྟོའི་གནས་ཚད་ནང་ དངུལ་ཀྲམ་ལུ་ རྩིས་ཕབ་པ་ཅིན་ དངུལ་ཀྲམ་༤༡༢,༥༠༠ ཨིནམ་ད་ དེ་གུ་ དངུལ་ཁང་གིས་ སྐྱིན་འགྲུལ་བརྒྱ་ཆ་༧༠ བྱིནམ་ཨིན་པས།

དེ་འབད་ནི་འདི་གིས་ གླ་འཁོར་དེད་གཡོགཔ་ཚུ་གིས་ གླ་འཁོར་ཉོ་སྒྲུབ་འབད་ནི་ལུ་ དངུལ་བརྒྱ་ཆ་༡༠ ལས་བརྒལ་ བཙུགས་མི་དགོ་ནི་ཨིན་པས།

དེ་ཡང་ འབྲུག་གི་དངུལ་ཁང་གིས་ གཞུང་དང་གཅིག་ཁར་ གནད་དོན་དེ་གུ་ སྐྱིན་འགྲུལ་བརྒྱ་ཆ་༧༠ བྱིན་ནི་སྦེ་ གན་རྒྱ་བཟོ་ཡོད་མི་དེ་ ལས་འགུལ་མཉམ་འབྲེལ་ཐོག་ལས་ མེན་ཟེར་ཨིན་པས།

ལས་འགུལ་དེ་གིས་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ ལྷན་ཐབས་མ་དངུལ་བརྒྱ་ཆ་༢༠ གི་ཐོག་ལས་ མི་༢༥༣ ལུ་ ཕན་ཐོགས་བྱུང་ཡོདཔ་ཨིན་པས།

སྤྱི་ཟླ་༥ པའི་ཚེས་༡༡ ལས་ གློག་ཤུགས་སྣུམ་འཁོར་ལས་འགུལ་གྱི་དོན་ལུ་ ཐོ་བཀོད་འབད་མི་དེ་ མཚམས་འཇོག་འབད་མི་དང་འཁྲིལ་ ལྷན་ཐབས་མ་དངུལ་བརྒྱ་ཆ་༢༠ བཀག་བཞག་ཡོདཔ་ཨིན་པས།

ད་རེས་ གློག་ཤུགས་སྣུམ་འཁོར་མཁོ་སྒྲུབ་འབད་ནིའི་དོན་ལུ་ སྐོར་རྒྱབ་སྦེ་ སྒུག་སྡོད་མི་ ཁྱད་རིག་ལག་ཁྱེར་འཆང་མི་ གླ་འཁོར་དེད་གཡོགཔ་༧ ཡོདཔ་ཨིན་པས།

གློག་ཤུགས་སྣུམ་འཁོར་ལས་འགུལ་འཛིན་སྐྱོང་པ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ གལ་སྲིད་ ཐོབ་ལམ་ཡོད་པའི་སྐོར་ལས་ བརྡ་དོན་འཐོབ་པ་ཅིན་ ལས་ཁང་གིས་ སྐོར་རྒྱབ་སྦེ་ཐོ་བཀོད་འབད་མི་ གླ་འཁོར་དེད་གཡོགཔ་ཚུ་ལུ་ གོ་སྐབས་དང་པ་ བྱིན་ནི་ཨིན་ཟེར་ཨིན་པས།

གླ་འཁོར་དེད་གཡོགཔ་ཚུ་གིས་ གླ་འཁོར་མཁོ་མངགས་འབད་ནི་དེ་ ངེས་ཏིག་ཨིནམ་ད་ དེ་ཡང་ འབྲུག་གི་དངུལ་ཁང་ལས་ ཡིག་ཆས་ཚུ་འབག་སྟེ་ ཐོ་བཀོད་འབད་དགོ་པས་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ནད་ཡམས་ཀྱི་གནས་སྟངས་དང་ སྣུམ་འཁོར་ཚུ་ རྒྱལ་ཁབ་ནང་ལྷོད་ནི་ལུ་ ཕྱིས་སོ་ནི་དེ་གིས་ ས་སྣུམ་གླ་འཁོར་༣༠༠ འི་ཚབ་སྦེ་ གློག་ཤུགས་སྣུམ་འཁོར་གསརཔ་བཙུགས་ནིའི་ དམིགས་གཏད་འགྲུབ་ནི་དེ་ འཇམ་ཏོང་ཏོ་ཅིག་མེད་རུང་ རྒྱལ་སྤྱིའི་གནས་སྟངས་ཡར་དྲག་དང་ སྣུམ་འཁོར་ལྷོད་ནི་ འགོ་བཙུགས་མི་དེ་གིས་ གླ་འཁོར་དེད་གཡོགཔ་ཚུ་གིས་ མཁོ་སྒྲུབ་འབད་ནི་ལུ་ སྤྲོ་བ་བསྐྱེད་ནི་འདུག་ཟེར་ཨིན་པས།

རྒྱལ་ཁབ་ནང་ གློག་ཤུགས་སྣུམ་འཁོར་ཚོང་འབྲེལ་འཐབ་མི་ ལས་སྡེ་༥ ཡོདཔ་ཨིན་པས།

གློག་ཤུགས་སྣུམ་འཁོར་ལས་འགུལ་གྱིས་ ཐོ་བཀོད་འབད་མི་དང་འཁྲིལ་བ་ཅིན་ ཀུན་ཕན་སྣུམ་འཁོར་གྱིས་ ད་ལྟོ་ཚུན་ གློག་ཤུགས་སྣུམ་འཁོར་༨༩ མཁོ་སྤྲོད་འབད་བའི་ཁར་ སྤྱི་ཟླ་༨ པའི་ནང་ སྣུམ་འཁོར་༡༣༢ དེ་ཅིག་ལྷོད་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཡོདཔ་ཨིན་པས།

འབྲུག་ཧུན་ཌའེ་སྣུམ་འཁོར་ཚོང་ལས་ཁང་གིས་ ད་ལྟོ་ཚུན་ སྣུམ་འཁོར་༡༢ མཁོ་སྒྲུབ་འབད་བའི་ཁར་ སྣུམ་འཁོར་༡ ལམ་ཁར་ཡོདཔ་ད་ དཀར་འབྱུང་ཚོང་ལས་ཁང་གིས་ སྣུམ་འཁོར་༩ བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ ད་རེས་ཀྱི་ཟླ་མཇུག་ལུ་ སྣུམ་འཁོར་༣༠ ལྷོད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ བསམ་དོན་སྣུམ་འཁོར་ཚོང་ལས་ཀྱིས་ གློག་ཤུགས་སྣུམ་འཁོར་༡༤ བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ མི་༡༢ ཀྱིས་ མཁོ་མངགས་འབད་ཡོདཔ་ཨིན་པས།

བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ མཁོ་མངགས་འབད་ཞིནམ་ལས་ རྒྱལ་ཁབ་ནང་ སྣུམ་འཁོར་ལྷོད་ནི་ལུ་ ཟླཝ་༢ དང་༤ གི་བར་ན་ དུས་ཚོད་འགོརཝ་མས་ཟེར་ཨིནམ་ད་ ལས་འགུལ་མཇུག་བསྡུ་བའི་སྐབས་ ས་སྣུམ་ལུ་བརྟེན་པའི་ གླ་འཁོར་གྱི་ཚབ་སྦེ་ གློག་ཤུགས་སྣུམ་འཁོར་བཙུགས་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཟེར་ཨིན་པས།

དེ་འབདཝ་ལས་ གློག་ཤུགས་སྣུམ་འཁོར་ཚོང་པ་ཚུ་གིས་ གློག་ཤུགས་སྣུམ་འཁོར་ཐེབས་ མཁོ་མངགས་འབད་མི་དེ་གིས་ ལས་འགུལ་གྱི་ དམིགས་གཏད་འགྲུབ་ནི་ལུ་ ལྷན་ཐབས་འབད་འོང་ཟེར་ཨིན་པས།

སྤྱི་ཟླ་༦ པ་མཇུག་བསྡུཝ་ད་ མོ་བཏབ་ལས་འགུལ་གྱི་ གནས་ཡུན་ཡང་ རྫོགས་ནི་དང་ དེ་གི་ཤུལ་ལས་ ལས་འགུལ་གྱི་དམིགས་ཡུལ་དང་ ལྟ་བ་ཚུ་ འགྲུབ་ཡོད་མེད་ཀྱི་ བརྟག་དཔྱད་འབད་ནི་དང་ ལས་འགུལ་གྱི་གྲུབ་འབྲས་དང་འཁྲིལ་ཏེ་ རྒྱལ་ཁབ་ནང་ མ་འོངས་པ་ལུ་ གློག་ཤུགས་སྣུམ་འཁོར་གྱི་གནས་སྟངས་ལུ་ རག་ལས་ཟེར་ ཁོ་གིས་ བཤདཔ་ཨིན་པས།

འདས་པའི་དྲིས་ལན་སྐབས་ གློག་ཤུགས་ལུ་བརྟེན་པའི་ གླ་འཁོར་མཁོ་མངགས་འབད་མི་ བསོད་ནམས་དོན་གྲུབ་དང་ཆ་རོགས་ དེ་ལས་ གླ་འཁོར་དེད་གཡོགཔ་ཚུ་གིས་ ལོ་༣ ལྷགཔ་ཅིག་ བསྒུགས་སྡོད་པའི་ཤུལ་ལས་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༧ ལུ་ གློག་ཤུགས་གླ་འཁོར་ཚུ་ ཐོབ་ཚུགས་ནི་དེ་གིས་ སེམས་དགའ་ཡོདཔ་ཨིན་པས།

གློག་ཤུགས་སྣུམ་འཁོར་ བཀྲམ་སྤེལ་འབད་མི་ ཀུན་ཕན་སྣུམ་འཁོར་ཚོང་ལས་ཁང་གིས་ ཐིམ་ཕུག་ལྕང་གླིང་མི་ཐང་ནང་སྦེ་ གློག་ཤུགས་གླ་འཁོར་༥༢ དེ་ཅིག་ བགོ་བཀྲམ་འབད་མི་དེ་ འབྲུག་ཡུན་བརྟན་བཙོག་རླུང་ཉུང་བའི་ ཁྲོམ་སྡེ་སྐྱེལ་འདྲེན་ལས་འགུལ་གྱི་གྲས་ལས་ གཅིག་ཨིནམ་ད་ དེ་ཁར་ གླ་འཁོར་དང་ སྒེར་གྱི་སྣུམ་འཁོར་ཚུ་ཡང་ ཡོདཔ་ཨིན་པས།

ལས་འགུལ་དང་འཁྲིལ་བ་ཅིན་ དུས་ཅི་གི་ ལོ་མཇུག་བསྡུ་ཁམས་ཅིག་ལས་ རྒྱལ་ཁབ་ནང་ཡོད་པའི་ ས་སྣུམ་ལུ་བརྟེན་པའི་ གླ་འཁོར་༣༠༠ གི་ཚབ་སྦེ་ གློག་ཤུགས་ལུ་བརྟེན་པའི་ གླ་འཁོར་གསརཔ་བཙུགས་ནིའི་ དམིགས་གཏད་ཡོད་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

རྒྱུ་དངོས་གསལ་སྟོན་འབད་ནིའི་ དུས་ཚོད་ཕར་འགྱངས་འབད་དགོ་པའི་ཞུ་བ།

༉ རྒྱལ་ཁབ་ཀྱི་ཁྲིམས་དང་ ལམ་ལུགས་ཚུ་དང་འཁྲིལ་ ལོ་བསྟར་བཞིན་དུ་ རྒྱུ་ནོར་ལ་སོགས་པའི་རིགས་ ག་ཅི་ར་ ཉོ་སྒྲུབ་འབད་ཡོདཔ་ཨིན་ན་དང་ སྤྱི་གཡོགཔ་གི་ མིང་ཐོ་ཁར་ རྒྱུ་དངོས་འཆང་ཡོད་མི་ཚུ་ གསལ་སྟོན་འབད་དགོཔ་དེ་ ཁག་ཆེ་ཤོས་ཅིག་ཨིནམ་ ང་བཅས་ག་ར་གིས་ མ་ཤེསཔ་མེད་ཟེར་ཞུ་ནི། སྤྱི་ཟླ་༦ …

Leave a Reply

Your email address will not be published. Required fields are marked *