གློག་ཤུགས་བསྐྱར་གསོའི་ ས་གོ་༢༣ གཞི་བཙུགས་འབད་ནི།

༉ ཐིམ་ཕུག་དང་ ཉེ་འདབས་ཀྱི་ས་གནས་ཚུ་ནང་ གློག་ཤུགས་སྣུམ་འཁོར་ཚུ་གི་དོན་ལུ་ གློག་ཤུགས་བསྐྱས་གསོ་འབད་སའི་ ས་གོ་༢༣ གཞི་བཙུགས་འབད་ནི་ཨིན་པས།
ས་ཁོངས་༢༣ གཞི་བཙུགས་འབད་ནི་ཨིན་མིའི་ནང་ལས་ གློག་ཤུགས་བསྐྱར་གསོའི་ས་གོ་༡༢ པོ་དེ་ ཐིམ་ཕུག་ལུ་དང་ གཞན་མི་ལྷག་ལུས་ཚུ་ ཕུན་ཚོགས་གླིང་དང་ སྤུ་ན་ཁ་ སྤ་རོ་དང་ དབང་འདུས་ཚུ་ནང་ གཞི་བཙུགས་འབད་ནི་ཨིན་པས།
ལས་འགུལ་དེ་ བརྡ་དོན་དང་བརྒྱུད་འབྲེལ་ལྷན་ཁག་དང་ རྒྱལ་སྤྱིའི་རང་བཞིན་གནས་སྟངས་ཐུན་རྐྱེན་འོག་ ལོ་༣ གྱི་ལས་འགུལ་གྲངས་སུ་ ཚུདཔ་ཨིན་པས།
བརྡ་དོན་དང་བརྒྱུད་འབྲེལ་དྲུང་ཆེན་ དྲགོས་ཀརྨ་ཌབ་ལུ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ལས་འགུལ་དེ་ཡང་ རྒྱལ་ཁབ་ནང་ གློག་ཤུགས་སྣུམ་འཁོར་ཡར་སེང་ཐོག་ བཙོག་རླུང་མར་ཕབ་འབད་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
ལྷན་ཁག་གིས་ རྒྱལ་སྤྱི་རང་བཞིན་གནས་སྟངས་ཐུན་རྐྱེན་གྱི་ རྒྱབ་སྐྱོར་ཐོག་ལས་ ལས་འགུལ་དེ་གུ་ ལཱ་འབད་དེ་ ཟླ་ངོ་༨ དེ་ཅིག་ སོང་ཡོདཔ་ཨིན་པས།
ག་དེམ་ཅིག་སྦེ་ ལས་འགུལ་དེ་ལུ་ སྤྲོ་བ་ཡོད་པ་ཅིན་ ལྷན་ཁག་དང་ ཡང་ཅིན་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གཅིག་ཁར་ ཐོ་བཀོད་འབད་བ་ཅིན་བཏུབ་ཟེར་ ཀརྨ་ཌབ་ལུ་དཔལ་འབྱོར་གྱིས་ བཤད་ཡོདཔ་ཨིན་པས།
ལས་འགུལ་དེ་ འགོ་བཙུགས་ཞིནམ་ལས་ ཐིམ་ཕུག་ལུང་ཕྱོགས་ནང་ གློག་ཤུགས་སྣུམ་འཁོར་༣༠༠ དེ་ཅིག་ འོང་ནི་གི་ རེ་བ་བསྐྱེདཔ་ཨིན་པས།
རྒྱལ་སྤྱི་རང་བཞིན་གནས་སྟངས་ཐུན་རྐྱེན་གྱིས་ གློག་ཤུགས་སྣུམ་འཁོར་ཉོ་འདོད་བཀོད་མི་ ཚོང་མགྲོན་པ་ལུ་ གོང་ཚད་བརྒྱ་ཆ་༢༠ མར་ཕབ་འབད་ནི་དང་ གློག་ཤུགས་གླ་འཁོར་ཨིན་པ་ཅིན་ བརྒྱ་ཆ་༥༠ སྐྱིན་འགྲུལ་བྱིན་ནི་ཨིན་པས།
དྲུང་ཆེན་གྱིས་འབད་བ་ཅིན་ གློག་ཤུགས་གླ་འཁོར་ཉོ་འདོད་བཀོད་མི་ གླ་འཁོར་དེད་གཡོགཔ་ཚུ་ ཧེ་མ་ཁོང་རའི་ གླ་འཁོར་རྙིངམ་གུ་ཡོད་མི་ གླ་འཁོར་བཟོ་ཆོགཔ་ཡོད་མི་ཆོག་ཐམ་དེ་ སྤོ་སོར་འབད་ནི་མ་གཏོགས་ དེ་གི་ལག་ཁྱེར་གསརཔ་ མི་འཐོབ་ཟེར་ཨིན་པས།
དེ་གི་དམིགས་ཡུལ་དེ་ཡང་ རྒྱལ་ཁབ་ནང་ ས་སྣུམ་མེ་ཊོལ་དང་ ཌི་ཟིལ་ལག་ལེན་འཐབ་མི་ སྣུམ་འཁོར་གྱི་ གྱངས་ཁ་མར་ཕབ་འབད་ཐབས་ལུ་ཨིན་པས།
གླ་འཁོར་གྱི་ དེད་གཡོགཔ་ཅིག་ཨིན་མི་ ཀརྨ་ཆོས་སྐྱིད་ཀྱིས་འབད་བ་ཅིན་ ད་ལྟོ་ཡོད་མི་ གླ་འཁོར་ཚུ་གུ་ སྐྱིན་འགྲུལ་ཡོདཔ་ལས་ ལོག་སྟེ་སྒེར་འཁོར་བཟོ་ནི་དང་ ཡང་ཅིན་ བཙོང་ནི་ལུ་ ལཱ་ཁག་རྐྱབ་ནི་ཨིནམ་ལས་ གློག་ཤུགས་སྣུམ་འཁོར་ཚུ་ གླ་འཁོར་སྦེ་སྤྱོད་ཆོག་པའི་ ལོ་གྲངས་ཚང་མི་ཚུ་ ཉོ་ཆོགཔ་བཟོ་བ་ཅིན་ དྲག་ནི་མས་ཟེར་ཨིན་པས།
གླ་འཁོར་བཏང་མི་ མང་ཤོས་ཅིག་གིས་ གློག་ཤུགས་སྣུམ་འཁོར་ཉོ་ནི་ལུ་ སྤྲོ་བ་བསྐྱེད་དོ་ཡོདཔ་ཨིན་པས།
གླ་འཁོར་བཏང་སྡོད་མི་ ཀུན་བཟང་རང་གྲོལ་གྱིས་ བཤད་མིའི་ནང་ ས་ཐག་རིང་སར་ འགྲོ་འགྲུལ་འབདཝ་ད་ སྣུམ་འཁོར་མར་ཁུ་ དངུལ་ཀྲམ་༡༠༠༠ ལྷགཔ་རེ་ ཟད་འགྲོ་བཏང་མི་དེ་ ལོ་༥ ནང་རྩིས་ཕབ་པ་ཅིན་ དངུལ་ཀྲམ་༡,༢༠༠,༠༠༠ གནས་ནི་མས་ཟེར་ཨིན་པས།
དེ་འབདཝ་ལས་ གཞུང་གིས་ གློག་ཤུགས་བླུག་ནི་ཚུ་ སྟབས་བདེ་ཏོག་ཏོ་བཟོ་བ་ཅིན་ གློག་ཤུགས་སྣུམ་འཁོར་དེ་ར་ དྲག་ནི་མས་ཟེར་ ཨིན་པའི་གནས་ཚུལ།

སྐད་སྒྱུར་ ཡེ་ཤེས་སྒྲོལ་མ།

 

About admin

Check Also

འགྲམ་ཕུག་ལས་ ལྷ་མོའི་རྫིང་ཁ་ཚུན་ འགྲུལ་སྐྱོད་འབད་བའི་སྐབས་ཀྱི་གནས་སྟངས།

༉ ལྷ་མོའི་རྫིང་ཁ་དེ་ མི་སྡེ་བརྡ་བརྒྱུད་ནང་མཐོངམ་ད་ ས་ཆ་དགའ་ཏོག་ཏོ་དང་ མཛེས་ཆ་དང་ལྡནམ་སྦེ་ མཐོང་པའི་ཁར་ ཕུན་ཚོགས་གླིང་གི་ ཉེ་འདབས་ལུ་ཨིན་པས། དར་དཀར་ནང་རྫོང་ཁག་ནང་ཆགས་མི་ ལྷ་མོའི་རྫིང་ཁ་ཁྲོམ་དེ་ རྒྱལ་ཁབ་ནང་ ཁྲོམ་རྙིང་ཤོས་ཅིག་ཨིན་པས། ཧེ་མ་འབད་བ་ཅིན་ ཁྲོམ་དེ་ནང་ དགེ་འདུ་ལས་ཡང་ …

Leave a Reply

Your email address will not be published. Required fields are marked *