༉ རྒྱལ་ཁབ་ནང་ ད་རེས་ནངས་པར་ གདོང་དེབ་ཕེས་བུག་ནང་ མི་རེ་གཉིས་ཀྱིས་ ཁ་བྱང་རྫུས་མ་བཟོ་སྟེ་ མི་གཞན་གྱི་སྐོར་ལས་ མ་བདེན་པའི་ཁ་ཉེས་བཀལ་བའི་ གནད་དོན་བཟུམ་མ་གཏོགས་ ད་ཚུན་ གློག་རིག་ཡོངས་འབྲེལ་དང་འབྲེལ་བའི་ ཉེན་སྲུང་གི་གནད་དོན་ཐོག་ ཉེས་ལས་ཚུ་ དར་ཁྱབ་མ་འབྱུང་པས།
ཨིན་རུང་ ཉེན་སྲུང་གི་ཐབས་ལམ་ཚུ་ བཏོན་དགོཔ་ཁག་ཆེ་མི་ལུ་བརྟེན་ སྤྱི་ཟླ་༡༡ པའི་ཚེས་༢༨ ལུ་ རྒྱལ་ས་ལུ་སྦེ་ བརྒྱུད་འབྲེལ་ལྷན་ཁག་འོག་གི་ བརྡ་དོན་འཕྲུལ་རིག་དང་བརྒྱུད་འབྲེལ་ལས་ཁུངས་ཀྱིས་ རྒྱལ་སྤྱི་རྒྱང་འཕྲིན་ལས་ཚོགས་ཀྱི་ རྒྱབ་སྐྱོར་ཐོག་ གློག་རིག་ཡོངས་འབྲེལ་གྱི་ ཉེས་ལས་དང་འབྲེལ་བའི་ གྲོས་འཛོམས་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ལས་རིམ་ནང་ ལྷན་རྒྱས་གཞུང་ཚོགས་ཀྱི་བློན་པོ་ཚུ་དང་ དྲུང་ཆེན་ གཞུང་གི་བཀོད་ཁྱབ་འགོ་དཔོན་ ཁྲིམས་བསྟར་སྤྱོད་འབད་མི་ ལས་སྡེའི་ངོ་ཚབ་ ལས་འཛིན་ དེ་ལས་ སྒེར་སྡེའི་ངོ་ཚབ་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
གྲོས་འཛོམས་དེ་ནང་ ལས་རིམ་འགོ་འདྲེན་འཐབ་མི་ གློག་རིག་ཡོངས་འབྲེལ་གྱི་ཉེས་ལས་ ཞིབ་འཚོལ་སྦྱོང་བརྡར་སྤེལ་ཁང་ནང་ལས་ མཁས་དབང་མཱཀ་གེར་ཀི་གིས་ བཅའ་མར་གཏོགས་མི་ཚུ་ལུ་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ནང་ ཡོངས་འབྲེལ་ཨིན་ཊར་ནེཊི་དང་འབྲེལ་བའི་ ཉེས་ལས་ཚུ་ བྱུང་ཡོདཔ་ཨིན་ན་དང་ རྒྱལ་ཁབ་ནང་ འབྱུང་ཉེན་ཅན་གྱི་གནད་དོན་ཚུ་ གདོང་ལེན་འབད་ཐབས་ཀྱི་སྐོར་ལས་ གྲོས་བསྡུར་འབད་ཡི།
ཁོ་གིས་ བཤད་མིའི་ནང་ ཡོངས་འབྲེལ་གྱི་ཉེས་ལས་ཚུ་ ཉེས་ཅན་ཚུ་གིས་ ཡོངས་འབྲེལ་ལག་ལེན་འཐབ་མ་བཏུབ་བཟོ་ནི་དང་ ལ་ལོ་ཅིག་གིས་ གཞུང་དང་ལས་སྡེ་ ངོ་རྐྱང་གི་ བརྡ་དོན་གལ་ཅན་ཚུ་ ཨརཝ་བརྐུ་ནི་ ལ་ལོ་ཅིག་གིས་ རང་གི་ཁ་བྱང་ནང་ལས་ རང་ཨིནམ་བཟོ་ཞིནམ་ལས་ གནས་ཚུལ་རྫུས་མ་སྤེལ་ནི་ཚུ་ འབད་བཞིན་དུ་ཡོད་ཟེར་ཨིན་པས།
བརྒྱུད་འབྲེལ་བློན་པོ་ ཀརྨ་རྡོ་གནོན་དབང་འདུས་ཀྱིས་ གསུངས་མིའི་ནང་ འདས་པའི་ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་གི་ཧེ་མ་ལས་ འཛམ་བུ་གླིང་གི་ མི་རློབས་ཐེར་འབུམ་ལས་བཅད་དེ་ གློག་རིག་ཡོངས་འབྲེལ་གྱིས་ ཕན་སྦོམ་ཐོགས་ཡོདཔ་མ་ཚད་ རྒྱལ་ཁབ་ནང་ཡང་ སྤྱི་ལོ་༡༩༩༩ ལས་ ཡོངས་འབྲེལ་གྱི་ཞབས་ཏོག་ གཞི་བཙུགས་འབད་བའི་ཤུལ་ལས་ མི་སྡེའི་དཔལ་འབྱོར་གྱི་ གོ་སྐབས་བཟོ་བའི་ཁར་ གཞུང་སྐྱོང་ལེགས་ལྡན་ དེ་ལས་ ཞབས་ཏོག་བྱིན་ནི་ལ་སོགས་པ་ཚུ་ནང་ ཕན་ཐོགས་སྦོམ་བྱུང་སྟེ་ཡོད་རུང་ གློག་རིག་ཡོངས་འབྲེལ་ཉེན་སྲུང་གི་གནད་དོན་དེ་ཡང་ ཚ་གྱང་ཅན་བྱུང་སྟེ་ཡོད་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ རྒྱལ་ཁབ་ནང་ བརྡ་དོན་འཕྲུལ་རིག་ནང་ ཁྱད་རིག་དང་ལྡན་མི་ཚུ་ལུ་ གློག་རིག་ཡོངས་འབྲེལ་ཉེན་སྲུང་དང་འབྲེལ་བའི་ རིག་རྩལ་དང་ཤེས་ཡོན་ དེ་ལས་ ཉམས་མྱོང་ཚུ་མེད་པའི་ གདོང་ལེན་བྱུང་སྟེ་ཡོད་ཟེར་ཨིན་པས།
མཁས་དབང་མཱཀ་གིས་ བཤད་མིའི་ནང་ རྒྱལ་ཁབ་ནང་ མ་འོངས་པར་ དེ་བཟུམ་གྱི་དཀའ་ངལ་ཚུ་ འཐོན་སྲིད་ནི་ཨིནམ་ལས་ དེ་ཚུ་འབྱུང་པ་ཅིན་ རྒྱལ་ཁབ་ཀྱི་ལམ་སྟོན་དང་འཁྲིལ་ཏེ་ བསལ་དགོཔ་ཁག་ཆེ་ཟེར་ཨིན་པས།
ད་ལྟོ་ ཉེས་ལས་དེ་གི་སྐོར་ལས་ འབྲེལ་ཡོད་ལས་སྡེ་ཚུ་ལུ་ སེལ་ཐབས་བསྒྲིག་ནིའི་དོན་ལུ་ ལམ་སྟོན་དང་སྲིད་བྱུས་བཟོ་བའི་སྐབས་ སེམས་ཁར་ངེས་ནི་གི་ གོ་བ་བརྡ་སྤྲོད་བཟུམ་ཅིག་ ཨིན་ཟེར་ཨིན་པས།
ཁོ་གིས་ བཤད་མིའི་ནང་ ད་རེས་ནངས་པར་ འཛམ་གླིང་ནང་ ཡོངས་གྲགས་ཡོད་མི་ གློག་རིག་གི་ཉེས་ལས་ཚུ་གི་སླ་ལས་ མང་ཤོས་ར་ སྲིད་དོན་ནང་ བཅའ་མར་གཏོགས་མི་ཚུ་གིས་ ནང་འཁོད་ཀྱི་གནས་ཚུལ་ཚུ་ བཀྲམ་སྤེལ་འབད་ནི་དང་ བཙག་འཐུ་དང་ གཞི་རྟེན་མཐུན་རྐྱེན་ལུ་ གནོད་པ་བཀལ་ནི་ མ་བདེན་པའི་གནས་ཚུལ་ དར་ཁྱབ་གཏང་ནི་ལ་སོགས་པ་ཚུ་ཨིན་པས།
གྲོས་འཛོམས་ནང་ འབྲེལ་ཡོད་ལས་སྡེ་ཚུ་གིས་ གྲལ་གཏོགས་འབད་བའི་ཤུལ་ལུ་ ལྷན་ཁག་གིས་ གློག་རིག་ཉེན་སྲུང་གི་ ཐབས་བྱུས་དང་ལམ་སྟོན་བཟོ་ནིའི་ འཆར་གཞི་ཡོད་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།