༉ ད་ལས་ཕར་ རྒྱལ་ཁབ་ནང་འཁོད་དང་ ཕྱིའི་རྒྱལ་ཁབ་ལས་ ཅ་ཆས་མཁོ་སྒྲུབ་འབད་བའི་སྐབས་ གློག་རིག་གི་ཐོག་ལས་ དངུལ་སྤྲོད་བཏུབ་ནི་ཨིནམ་ད་ དེ་བཟུམ་གྱི་ཞབས་ཏོག་དེ་ དངུལ་རྩིས་ལྷན་ཁག་གིས་ སྤྱི་ཟླ་༩ པའི་ཚེས་༧ ལུ་ གཞི་བཙུགས་འབད་ཡི།
ལམ་ལུགས་དེ་ དངུལ་གྱི་ཤོག་འཛིན་ཐོག་ལས་ ལག་ལེན་འཐབ་བཏུབ་ནི་ཨིནམ་ད་ དེ་ལུ་བརྟེན་ དངུལ་གྱི་ཞབས་ཏོག་ཚུ་ དུས་ཡུན་ཐུང་ཀུ་ཅིག་གི་ནང་འཁོད་ལུ་ སྤྱོད་ཚུགས་ནི་ཨིནམ་མ་ཚད་ དངུལ་བྱང་ནིའི་ཉེན་ཁ་ཡང་ མར་ཕབ་འབད་ཚུགས་ནི་ཨིན་པས།
ཞབས་ཏོག་འགོ་འབྱེད་སྐབས་ དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་གིས་ སླབ་མིའི་ནང་ ལམ་ལུགས་དེ་གིས་ གཞུང་གི་ལས་སྡེ་ཚུ་ལུ་ ཕན་ཐོགས་སྦོམ་འབྱུང་འོང་ཟེར་ཨིནམ་ད་ དེ་ཡང་ ལས་སྡེ་ཚུ་གིས་ ཕྱིའི་རྒྱལ་ཁབ་ཚུ་ལས་ དངུལ་ཀྲམ་ས་ཡ་ལས་བཅད་པའི་ ཅ་ཆས་ཚུ་ ནང་འདྲེན་འབད་བའི་སྐབས་ དངུལ་རྐྱང་སྤྲོད་མ་དགོ་པར་ གློག་རིག་ཐོག་གི་ ཤོག་འཛིན་ལག་ལེན་འཐབ་ཐོག་ལས་ དངུལ་སྤྲོད་པའི་སྐབས་ དུས་ཚོད་མར་ཕབ་འབད་ཚུགས་ནི་ཨིནམ་མ་ཚད་ དངུལ་ལོག་སྤྱོད་འབད་ནི་ལས་ཡང་ བཀག་ཚུགས་ཟེར་ཨིན་པས།
དེ་མ་ཚད་ རྒྱལ་ཁབ་ནང་ལས་ ཕྱིའི་རྒྱལ་ཁབ་ནང་ མ་འགྱོ་བའི་ཧེ་མར་ རང་སྡོད་སའི་ ཟ་ཁང་ལ་སོགས་པ་ཚུ་ མཁོ་མངགས་འབད་བའི་སྐབས་ལུ་ཡང་ ཧེ་མ་ལས་ གློག་རིག་ཐོག་ལས་ ཏི་རུ་སྤྲོད་ཚུགས་ནི་ཨིནམ་ད་ ད་རེས་ནངས་པར་ འབྲུག་མི་ཚུ་གིས་ ཡོངས་འབྲེལ་ཐོག་ལས་ ཚོང་རྐྱབ་པའི་སྐབས་ལུ་ཡང་ གློག་རིག་ཐོག་ལས་ ཏི་རུ་སྤྲོད་ཚུགས་ཟེར་ཨིན་པས།
ལམ་ལུགས་དེ་ འབྲུག་གི་དངུལ་ཁང་དང་ དངུལ་རྩིས་ལྷན་ཁག་གིས་ མཉམ་རུབ་ཐོག་ལས་ གཞི་བཙུགས་འབད་ཡོདཔ་ད་ དེ་བཟུམ་གྱི་ཞབས་ཏོག་དེ་ རྒྱལ་ཁབ་མང་ཤོས་ཅིག་ནང་ཡོདཔ་ལས་ མི་ཚུ་གིས་ རྒྱལ་ཁབ་སོ་སོ་ནང་ འགྱོ་བའི་སྐབས་ ཏི་རུ་འབག་མ་དགོ་པར་ ཤོག་འཛིན་དེ་ འབག་འགྱོ་བའི་སྐབས་ དངུལ་བྱང་སྟོར་ཤོར་ནིའི་ ཉེན་ཁ་མེདཔ་ཨིན་པས།
མི་མང་དངུལ་རྩིས་ལས་ཁུངས་ཀྱི་མདོ་ཆེན་ ཚེ་རིང་རྡོ་རྗེ་གིས་ སླབ་མིའི་ནང་ ལམ་ལུགས་དེ་གིས་ དུས་ཚོད་ཆུད་ཟོས་འགྱོ་མི་དེ་ ལེ་ཤ་གིས་ མར་ཕབ་འབད་ཚུགས་ཟེར་ཨིནམ་ད་ ད་ལྟོ་ཚུན་ གཞུང་གིས་ ཏི་རུ་སྤྲོད་ནིའི་ལཱ་ཚུ་ དངུལ་འཛིན་ཅེག་གི་ཐོག་ལས་ དངུལ་ཁང་བརྒྱུད་དེ་འབདཝ་ད་ དུས་ཚོད་ལེ་ཤ་འགོར་མི་དེ་ ད་ལས་ཕར་ དངུལ་ཁང་ལས་བརྒྱུད་མ་དགོ་པར་ ཐད་ཀར་དུ་ དུས་ཡུན་སྐར་མ་དག་པ་ཅིག་ནང་ སྤྲོད་ཚུགས་ཟེར་ཨིན་པས།
འགོ་འབྱེད་འབད་བའི་སྐབས་ ཤོག་འཛིན་ཞབས་ཏོག་དེ་ རྒྱལ་ཡོངས་ཚོགས་སྡེ་དང་ ཕྱི་འབྲེལ་ལྷན་ཁག་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ དེ་ལས་ དངུལ་རྩིས་ལྷན་ཁག་ཚུ་ལུ་ བྱིན་ཡོདཔ་ད་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ ཞབས་ཏོག་དེ་ ད་ལྟོ་ མོ་བཏབ་ལས་རིམ་བཟུམ་ཅིག་ཨིནམ་ལས་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ ལས་སྡེ་༤ ལས་ ཞབས་ཏོག་དེ་དང་འབྲེལ་བའི་ བསམ་ལན་ཚུ་ བསྡུ་ལེན་འབད་ནི་ཟེར་ཨིན་པས།
གལ་སྲིད་ བསམ་ལན་དེ་ གྲུབ་འབྲས་ཅན་སྦེ་ ཐོབ་པ་ཅིན་ ཞབས་ཏོག་དེ་ སྤྱི་ལོ་༢༠༡༨ ཀྱི་ཟླཝ་༡ པ་ལས་ ལས་སྡེ་གཞན་ཚུ་ལུ་ཡང་ བྱིན་ནི་ཟེར་ཨིནམ་ད་ ཞབས་ཏོག་ལག་ལེན་འཐབ་ཐངས་ཀྱི་ ལམ་ལུགས་དེ་ཡང་ བཟོ་ནི་ཨིན་པས།
དངུལ་རྩིས་དྲུང་ཆེན་ ཉིམ་རྡོ་རྗེ་གིས་ སླབ་མིའི་ནང་ དེ་བཟུམ་གྱི་ ལམ་ལུགས་འགོ་བཙུགས་མི་དེ་ གཞུང་གིས་ གཞུང་འབྲེལ་གྱི་ལཱ་ཚུ་ གློག་རིག་ཐོག་ལས་འབད་ནི་ལུ་ དམིགས་གཏད་བསྐྱེད་མི་ ལེ་ཤ་ཡོད་པའི་གྲས་ལས་ གཅིག་ཨིན་ཟེར་ཨིན་པས།
ཞབས་ཏོག་དེ་ལུ་བརྟེན་ ཏི་རུ་ལག་ལེན་འཐབ་མ་དགོ་པར་ དཔལ་འབྱོར་གོང་འཕེལ་གཏང་ནི་ལུ་ ཕན་ཐོགས་འབྱུང་ཚུགས་ཟེར་ཨིནམ་ད་ ཞབས་ཏོག་དེ་ དངུལ་རྩིས་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ འགོ་འབྱེད་གནང་ཡོད་པའི་གནས་ཚུལ།
བསྟན་འཛིན་རྣམ་རྒྱལ།