༉ སྤྱི་ལོ་༢༠༠༢ ལུ་ འབྲུག་གློག་མེ་ལས་འཛིན་དང་ ཆུ་ཁ་གློག་མེ་ དེ་ལས་ ཀུར་རི་ཆུ་གློག་མེ་ལས་འཛིན་༣ བསྟན་རྒྱས་ལྷན་ཁག་འོག་ལས་ ཕྱིར་བཏོན་ཐོག་ རང་སྐྱོང་ལས་འཛིན་སྦེ་ གཞི་བཙུགས་འབད་དེ་ དུས་ཅི་ ལོ་ངོ་༡༥ ལང་ཡོདཔ་བཞིན་དུ་ སྤྱི་ཟླ་༧ པའི་ཚེས་༢ ལུ་ འབྲུག་གློག་མེ་ལས་འཛིན་གྱིས་ མོང་སྒར་སྐྱིད་བདེ་མཁར་ གློག་མེ་བཀྲམ་སྤེལ་ཁང་ནང་སྦེ་ ཉིནམ་བརྩི་སྲུང་འབད་ཡི།
དེ་བསྒང་ བློན་ཆེན་ཚེ་རིང་སྟོབས་རྒྱས་མཆོག་གིས་ གློག་མེ་ལས་འཛིན་ནང་ལས་ དགོངས་ཞུ་འབད་མི་དང་ ད་ལྟོ་ ཕྱག་ཞུ་མི་ མི་གྲངས་༡༩ ལུ་ ཡིད་ཆེས་ངལ་རངས་ཀྱི་ ལག་ཁྱེར་ཚུ་གནང་ཡི།
འབྲུག་གློག་མེ་ལས་འཛིན་ གཞི་བཙུགས་ཀྱི་ཉིནམ་དེ་ སྤྱི་ལོ་༢༠༡༥ ཚུན་ཚོད་ ཐིམ་ཕུག་རྫོང་ཁག་ནང་ བརྩི་སྲུང་འབད་བའི་ཤུལ་ལས་ ན་ཧིང་ བུམ་ཐང་ལུ་ བརྩི་སྲུང་འབད་ཡོདཔ་ད་ ཡིད་ཆེས་ངལ་རངས་ཀྱི་ ལག་ཁྱེར་དེ་ ལས་འཛིན་ནང་ ལོ་༣༠ དང་༤༠ གི་བར་ན་ ཕྱག་ཞུ་མི་ཚུ་ལུ་ བྱིནམ་ཨིན་པས།
ལས་འཛིན་གཞི་བཙུགས་འབད་བའི་སྐབས་ ལས་བྱེདཔ་༡,༡༩༣ ཡོདཔ་ད་ སྤྱི་ལོ་༢༠༠༣ ལུ་ གྲོང་གསེབ་ཚུ་ནང་ ཁྱིམ་གུང་༤༥,༨༠༥ ལུ་ གློག་མེ་བཀྲམ་སྤེལ་འབད་མི་ལས་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡.༠༩ མ་གཏོགས་ བཟོ་མ་ཚུགསཔ་ལས་ ལས་འཛིན་ལུ་ དངུལ་ཀྲམ་ས་ཡ་༦༠ དེ་ཅིག་ གྱོང་རྒུད་ཕོག་ནུག།
མ་གཞི་ སྤུ་ན་གཙང་ཆུ་ལས་འགུལ་དང་པ་དེ་ སྤྱི་ལོ་༢༠༢༠ ནང་འཁོད་ལུ་ བཟོ་སྐྲུན་འབད་ཚར་ནི་ཨིན་རུང་ གློག་ཤུགས་ཀེ་བི་༤༠༠ འབད་མི་ གློག་ཐག་སྤྲིང་ནི་དེ་ དུས་ཅི་སྤྱི་ཟླ་༡༢ པའི་ནང་ མཇུག་བསྡུ་ནི་དང་ སྤུ་ན་ཁ་གཙང་ཆུ་ལས་འགུལ་༢ པ་དེ་ ད་རེས་ཀྱི་ཟླཝ་ནང་ བསྒྲུབ་དགོཔ་ཨིན་རུང་ སང་ཕོད་ལོ་ནང་རྐྱངམ་གཅིག་ བསྒྲུབ་ནི་ཨིན་པས།
དེ་ལས་ མང་སྡེ་ཆུ་གློག་མེ་ལས་འགུལ་དེ་ དུས་ཅི་ སྤྱི་ཟླ་༡༢ པའི་ནང་ བསྒྲུབ་ནི་དང་ མཁོ་ལོང་ཆུ་གློག་མེ་འཕྲུལ་ཁང་བཟོ་སྐྲུན་འབད་ཚརཝ་ད་ གློག་མེ་དེ་ དགེ་ལེགས་ཕུག་དྲུང་ཁག་ འཇིགས་མེད་གླིང་རྒྱུན་སྤེལ་ཁང་བརྒྱུད་དེ་ རྒྱ་གར་ལུ་ བཙོང་ནི་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ འབྲུག་གློག་མེ་ལས་འཛིན་གྱིས་ སྤྱི་ལོ་༢༠༡༦ ལུ་ འོང་འབབ་དངུལ་ཀྲམ་ཐེར་འབུམ་༡༡ དང་ས་ཡ་༤༠༠ དེ་ཅིག་ བཟོ་ཡོད་མིའི་ནང་ལས་ འབྲུག་གཞུང་ལུ་ འོང་འབབ་ཁྲལ་དངུལ་ཀྲམ་ས་ཡ་༥༧༠ ལྷགཔ་ཅིག་དང་ བགོ་བཤའི་ཁེ་སང་ དངུལ་ཀྲམ་ཐེར་འབུམ་༡.༤༠༠ ཕུལ་ནུག་ཟེར་ཨིནམ་ད་ ན་ཧིང་ ལོ་༡ ནང་ གཞུང་ལུ་ ཁྲལ་དང་ བགོ་བཤའི་ཁེ་སང་ དངུལ་ཀྲམ་ཐེར་འབུམ་༢ ཕུལ་ནུག་ཟེར་ གསུངསམ་ཨིན་པས།
ད་རེས་ནངས་པར་ གྲོང་གསེབ་གཡུས་སྒོ་ཚུ་ནང་ལས་ཕར་ གུང་པ་༨༩,༦༠༠ འབདཝ་ད་ ཁྱིམ་གུང་བརྒྱ་ཆ་༩༩.༩༧ ལུ་ གློག་མེ་བཀྲམ་སྤེལ་འབད་དེ་ཡོདཔ་ད་ དེ་ཡང་ ཆུ་ལ་བརྟེན་པའི་ གློག་མེ་བཀྲམ་སྤེལ་གྱི་ ཁེ་ཕན་སྤྱོད་མི་ བརྒྱ་ཆ་༩༨ དང་ བརྒྱ་ཆ་གཞན་༢ པོ་དེ་ ཉི་དྲོད་གློག་མེ་ཨིན་ཟེར་ བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་ཡི།
འབྲུག་གློག་མེ་ལས་འཛིན་གྱིས་ གྲོང་གསེབ་ཀྱི་ ཁྱིམ་གུང་རེ་ལུ་ གློག་མེ་ཡུ་ནིཌ་༡༠༠ རེ་ རིན་མེད་སྟོང་པར་ བཀྲམ་སྤེལ་འབད་མི་གིས་ མི་སེར་ཚུ་ལུ་ ཕན་ཐོགས་བྱུང་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ དཔལ་འབྱོར་ལུ་ཡང་ ཁེ་ཕན་བྱུང་མི་དེ་ ལས་འཛིན་གྱིས་ ཞབས་ཏོག་ལེགས་ཤོམ་སྦེ་ ཞུ་མི་ལུ་བརྟེན་ཨིན་ཟེར་ བློན་ཆེན་གྱིས་ གསུངས་ཡི།
འབྲུག་གློག་མེ་ལས་འཛིན་གྱི་ འཛིན་སྐྱོང་མདོ་ཆེན་ མགོནམ་ཚེ་རིང་གིས་ མོང་སྒར་དང་ ལྷུན་རྩེ་རྫོང་ཁག་༢ ཀྱི་བར་ན་ རྡོ་རྗེ་ལུང་ཀུར་རི་ཆུ་༡ པ་ བཀྲིས་གཡང་རྩེ་ མཁོ་ལོང་ཆུ་གློག་མེ་ལས་འགུལ་གཞི་བཙུགས་འབད་ནི་ལུ་ གྲ་སྒྲིག་ཡོདཔ་སྦེ་ སྙན་ཞུ་ཕུལ་ཡོད་པའི་གནས་ཚུལ།
མོང་སྒར་ལས་ བཀྲིས་ཕུན་ཚོགས།