༉ དངུལ་རྩིས་ལྷན་ཁག་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ལས་ ཡི་གུ་ཅིག་ ཐོབ་པའི་ཤུལ་ལས་ དུས་ཅི་ གློག་བརྙན་དྲག་ཤོས་༣ ཐོན་མི་ལུ་ བློན་ཆེན་གྱི་གསོལ་རས་ དངུལ་ཀྲམ་ས་ཡ་༣ འཛིན་གྲོལ་མ་འབད་བར་ བཞག་སྟེ་ཡོདཔ་ཨིན་པས།
དེ་ཡང་ བློན་ཆེན་གྱི་གསོལ་རས་ དངུལ་ཀྲམ་ས་ཡ་རེ་ཐོབ་མི་༣ སྤྱི་ཟླ་༢ པའི་ཚེས་༢༣ ལུ་ རྒྱལ་ཡོངས་གློག་བརྙན་དུས་སྟོན་བརྩི་སྲུང་སྐབས་ གསལ་བསྒྲགས་འབད་ཡོདཔ་ད་ གསོལ་རས་ཐོབ་མི་༣ པོ་ཡང་ ངེའི་རྩ་བའི་བླ་མ་དང་ ཧིང་གཏམ་བང་མཛོད་ ད་རིས་ནངས་པ་ཟེར་མི་ གློག་བརྙན་ཚུ་ཨིན་པས།
སྤྱི་ཟླ་༢ པའི་ཚེས་༡༥ ལུ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལྷན་རྒྱས་གཞུང་ཚོགས་ཀྱི་ དྲུང་ཆེན་ལུ་བཏང་མི་ ཡི་གུ་དེ་ནང་སྤྱི་ཟླ་༢ པའི་ཚེས་༢༣ ལུ་ གློག་བརྙན་དུས་སྟོན་ཐེངས་༡༧ པ་ འགོ་འདྲེན་འཐབ་ནི་གི་ ལས་འཆར་ཡོདཔ་ལས་ བློན་ཆེན་གྱི་ གསོལ་རས་དེ་ ཕར་ཕུད་རྐྱབ་བཞག་དགོ་པའི་ གྲོས་འདེབས་བཀོད་ནུག།
ལྷན་ཚོགས་ཀྱིས་ སྤྱི་ལོ་༢༠༡༦ ལུ་ རྒྱལ་ཡོངས་གློག་བརྙན་དུས་སྟོན་ཐེངས་༡༦ པ་དང་འབྲེལ་བའི་ ཁ་ཉེས་ཚུ་ལུ་ ཞིབ་དཔྱད་འབད་བའི་སྐབས་ གསོལ་རས་བྱིན་ནིའི་ནང་ གཡོ་སྒྱུ་དང་ ཉེས་ལས་འཐབ་པའི་ མངོན་གསལ་མ་བྱུང་རུང་ བློན་ཆེན་གྱི་ གསོལ་རས་ཀྱི་དོན་ལུ་ གློག་བརྙན་དྲག་ཤོས་གསུམ་ གདམ་ཁ་རྐྱབ་ཐངས་ཀྱི་ བྱ་བའི་གནད་སྤྱོད་ནང་ ནོར་སྐྱོན་དང་ དྭངས་གསལ་མེད་མི་ལུ་བརྟེན་ བདེན་མེད་ཀྱི་ རྩོད་རྙོགས་བཟོ་ཡོད་པའི་ གྲུབ་འབྲས་བྱུང་ཡི་ཟེར་ ཡི་གུ་ནང་བཀོད་ནུག།
ལམ་ལུགས་རྩ་བརྟན་དང་ དྭངས་གསལ་བཟོ་ནི་དང་ དེ་ལས་ འགན་འཁྲི་བཀལ་ནིའི་ ལམ་ལུགས་ཡར་དྲག་གཏང་ནིའི་དོན་ལུ་ ལྷན་ཚོགས་ཀྱིས་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༡༧ ལུ་ ཞི་བའི་མི་སྡེ་ལས་ཚོགས་དབང་འཛིན་གྱི་ བཀོད་ཚོགས་ལུ་ བདག་སྐྱོང་དང་འབྲེལ་བའི་ དང་ལེན་འབད་དགོ་པའི་ གྲོས་འདེབས་བཀོད་ཡོད་རུང་ ད་ལྟོའི་བར་ན་ཡང་ དང་ལེན་འབད་ཡོད་པའི་ སྙན་ཞུ་མ་ལྷོད་པར་ཡོད་ཟེར་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འདི་འབདཝ་ལས་ བློན་ཆེན་གྱི་ གསོལ་རས་དེ་ འཕྲོ་མཐུད་དེ་ར་ བྱིན་པ་ཅིན་ མིག་དཔེ་ངན་པ་བཏོན་ནི་ཨིནམ་ལས་ བློན་ཆེན་གྱི་གསོལ་རས་ ད་ལྟོ་བྱིན་མ་གནང་ཟེར་ ཡི་གུ་བྲིས་ཡི་ཟེར་ འགོ་དཔོན་ཅིག་གིས་ བཤདཔ་ཨིན་པས།
འབྲུག༌གློག༌བརྙན༌ཚོགས༌པའི༌ གཙོ་འཛིན་ ཀརྨ་ཚེ་རིང་གིས་ འབད་བ་ཅིན་ ཞི་བའི་མི་སྡེ་ལས་ཚོགས་ དབང་འཛིན་གྱི་ བཀོད་ཚོགས་ལས་ བཀའ་རྒྱ་ཐོབ་མི་དང་འཁྲིལ་ ན་ཧིང་ བློན་ཆེན་གྱི་ གསོལ་རས་ཐོབ་མི་ གློག་བརྙན་བཟོ་སྐྲུན་པ་༢ ལུ་ གསོལ་རས་ཏི་རུ་ ལོག་བཙུགས་དགོཔ་སྦེ་ ཚོགས་པ་གིས་ ཡི་གུ་བྲིས་ཡོད་རུང་ ཁོང་གིས་ ཏི་རུ་ལོག་སྤྲོད་མི་ཚུགས་ཟེར་ ཡི་གུ་ལོག་བྲིས་ནུག་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་བ་ཅིན་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ལྷན་རྒྱས་གཞུང་ཚོགས་ལུ་བཏང་མི་ ཡི་གུའི་འདྲ་དེ་ སྤྱི་ཟླ་༢ པའི་ཚེས་༡༩ ལུ་རྐྱངམ་གཅིག་ ཚོགས་པའི་ཡིག་ཚང་ནང་ ལྷོད་ཅི་ཟེར་ཨིན་པས།
དེ་གི་ནངས་པར་ གཙོ་འཛིན་དང་ བརྡ་དོན་དང་ བརྒྱུད་འབྲེལ་དྲུང་ཆེན་གྱིས་ བློན་ཆེན་དང་ མཇལ་ཕྲད་ཞུ་བའི་སྐབས་ བློན་ཆེན་གྱིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ རྩོད་དོན་དེ་ མཇུག་མ་བསྡུ་ཚུན་ གསོལ་རས་མ་བྱིན་པར་བཞག་ཞིནམ་ལས་ ཤུལ་ལས་ འགོ་འདྲེན་འཐབ་དགོཔ་སྦེ་ ང་བཅས་ལུ་་བཀའ་གནང་ཡི་ཟེར་ ཀརྨ་ཚེ་རིང་གིས་ བཤདཔ་ཨིན་པས།
དེ་གི་ནངས་པ་དྲོ་པར་ བཀོད་ཚོགས་ཀྱི་ ཞལ་འཛོམས་འཚོགས་ཏེ་ བློན་ཆེན་ལུ་ གསོལ་རས་གནང་དགོ་པའི་ ཞུ་བ་ཕུལ་ནི་སྦེ་ ཐག་བཅད་ཡོདཔ་ད་ གསོལ་རས་མ་དངུལ་དེ་ གནང་བ་གྲུབ་སྟེ་ འཛིན་གྲོལ་འབད་ཆོག་ཆོ་ སོང་ཡོད་རུང་ བློན་ཆེན་གྱིས་ འབྲུག་གློག་བརྙན་ཚོགས་པ་ལུ་ དྲག་ཤོས་ཚུ་ གསལ་བསྒྲགས་འབད་མ་གནང་ཟེར་ ལན་ཐེངས་ལེ་ཤ་གསུངས་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ན་འཐན་འགོ་བཙུགས་རནམ་ད་ བཀག་འཛིན་མ་འབད་བར་ཡོད་པ་ཅིན་ ང་བཅས་ཀྱིས་ དངུལ་རྐྱང་གི་ གསོལ་རས་དེ་ བྱིན་བྱིནམ་འོང་ཟེར་ ཀརྨ་ཚེ་རིང་གིས་ བཤདཔ་ཨིན་པས།
གློག་བརྙན་ལས་སྡེའི་ འཐུས་མི་ལ་ལོ་ཅིག་གིས་ སླབ་མིའི་ནང་ བློན་ཆེན་གྱི་ གསོལ་རས་ཐོབ་མི་ཚུ་ གསལ་བསྒྲགས་འབད་དགོཔ་དེ་ ག་ནི་བ་ གལ་ཆེ་མི་དེ་ཡང་ གློག་བརྙན་བཟོ་མི་ཚུ་ལུ་ སྤུས་ཚད་ཅན་གྱི་ གློག་བརྙན་བཟོ་ནི་ལུ་ སེམས་ཤུགས་འབྱུང་ནི་དང་ གལ་སྲིད་ གསོལ་རས་དེ་ བཤོལ་བཞག་འབད་བ་ཅིན་ གློག་བརྙན་བཟོ་མི་ཚུ་ལུ་ ཐོ་སྦོམ་སྦེ་ར་ ཕོག་འོང་ཟེར་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ གློག་བརྙན་བཟོ་མི་༡༧༠ ལྷགཔ་ཅིག་ཡོདཔ་ད་ སྤྱི་ལོ་༢༠༡༥ ལུ་ གློག་བརྙན་༡༩ དང་ སྤྱི་ལོ་༢༠༡༦ ལུ་༢༦ དེ་ལས་ འདས་པའི་ལོ་ནང་ གློག་བརྙན་༡༤ བཟོ་ཡོད་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།