གློག་ཐག་སྤྲིངས་མིའི་འོག་ལུ་ ཁྱིམ་ཆུང་དང་ སྦ་སྒོར་ཚུ་ བཟོ་སྐྲུན་འབད་ཆོག་ནི།

༉ གློག་ཐག་སྤྲིངས་མིའི་འོག་ལུ་ སྦ་སྒོར་དང་ ཚད་ལྡན་ཁྱིམ་ཚུ་ རྐྱབ་ཆོགཔ་སྦེ་ཡོད་རུང་ གྲོང་གསེབ་ནང་ལས་ཕར་ ས་གནས་གཞུང་གི་ འགོ་ཁྲིདཔ་ཚུ་གིས་ བཀག་འཛིན་འབད་བའི་ཉོགས་བཤད་ཚུ་ ཐོན་བཞིན་དུ་ཡོདཔ་ཨིན་པས།

གློག་ཐག་སྤྲིངས་མིའི་འོག་ལུ་ ཁྱིམ་ཆུང་ཀུ་དང་ སྦ་སྒོར་ཚུ་ བཟོ་སྐྲུན་འབད་དགོ་རུང་ འབྲུག་གློག་ཤུགས་བཅའ་ཁྲིམས་༢༠༠༡ ཅན་མ་དང་ སའི་བཅའ་ཁྲིམས་༢༠༠༧ ཅན་མའི་ དགོངས་དོན་ཚུ་དང་འཁྲིལ་ སྒེར་གྱི་ས་ཆ་ནང་ ཚུད་མི་ཚུ་ལུ་ རྒུད་འཐུས་སྤྲོད་ཡོདཔ་མ་ཚད་ ས་མེད་མི་ཚུ་ལུ་ ས་ཚབ་ཡང་ སྤྲོད་ཡོདཔ་སྦེ་ བསྟན་རྒྱས་བློན་པོ་ ལོག་ནཋ་ཤར་མ་གིས་ ཁ་ཙ་ རྒྱལ་ཡོངས་ཚོགས་སྡེའི་ནང་ དྲི་བ་དྲིས་ལན་སྐབས་ གསལ་ཞུ་ཕུལ་ཡི།

གློག་ཐག་སྤྲིངས་མིའི་འོག་ལུ་ ཁྱིམ་དང་ བཟོ་སྐྲུན་གྱི་ལཱ་ཆུང་ཀུ་ཚུ་ འབད་དགོཔ་འཐོན་པ་ཅིན་ འབྲུག་གློག་ཤུགས་བཅའ་ཁྲིམས་༢༠༠༡ ཅན་མའི་ ལེའུ་༥ པའི་དོན་ཚན་༥༡ དང་༥༢ ཀྱི་ དགོངས་དོན་ཚུ་དང་འཁྲིལ་ མི་སེར་ཚུ་གིས་ འབྲུག་གློག་མེ་དབང་འཛིན་ལས་ གནང་བ་ལེན་དགོཔ་ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ སའི་བཅའ་ཁྲིམས་༢༠༠༧ ཅན་མའི་ དོན་ཚན་༣༢ ནང་ ཀཝ་ལྷོངས་ནིའི་དོན་ལུ་ ཉུང་ཤོས་ས་ཆ་ཌེ་སི་མཱལ་༡༠ གྱི་ རྒུས་འཐུས་འཐོབ་དགོཔ་ད་ སྤྱི་ལོ་༢༠༡༣ ལུ་ རྒྱལ་ཡོངས་ས་ཆ་ལྷན་ཚོགས་ལས་ ཁྱབ་བསྒྲགས་འབད་མི་དང་འཁྲིལ་བ་ཅིན་ གློག་ཐག་སྤྲིངས་མིའི་འོག་ལུ་ཚུད་མི་ཚུ་ ས་ཚབ་མི་འཐོབ་ཟེར་ཨིན་པས།

དེ་ཡང་ བློན་པོ་དང་འཁྲིལཝ་ད་ གློག་ཐག་འོག་ལུ་ཚུད་མི་ ས་ཆ་དེ་ནང་ ལོ་ཐོག་བཏབ་ནི་དང་ ཉེན་སྲུང་གི་ རིང་ཚད་དང་འཁྲིལ་ ཁྱིམ་ཆུང་ཀུ་དང་ སྦ་སྒོར་ཚུ་ རྐྱབ་ཆོག་རུང་ རྡོག་མ་ཤིང་རིགས་ཚུ་ འཛུགས་སྐྱོང་འབད་མ་ཆོག་པའི་ཁར་ སྒྲིང་ཁྱིམ་ཚུ་ ཚད་འཛིན་འབད་དེ་འདུག་ཟེར་ཨིན་པས། 

རྒྱལ་ཡོངས་ཚོགས་སྡེའི་ དར་དཀར་ནང་གི་འཐུས་མི་ སུར་ཇ་མཱན་ཐ་པ་གིས་ ཞུ་མིའི་ནང་ གློག་མེ་ལས་འགུལ་དེ་ རྒྱལ་ཁབ་ཀྱི་ འོང་འབབ་འབྱུང་ཁུངས་ངོ་མ་ཨིན་རུང་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་དང་པ་དང་ གཉིས་པ་དེ་ ད་ལྟོ་ ལཱ་འབད་བའི་བསྒང་ཡོདཔ་ལས་ ནུས་ཤུགས་བཀྲམ་སྤེལ་འབད་ནིའི་དོན་ལུ་ གློག་ཐག་གི་ཀ་ཆེན་ཚུ་ དབང་འདུས་བརྒྱུད་དེ་ རྩི་རང་དང་ དར་དཀར་ནང་ དེ་ལས་ ལྷ་མོའི་རྫིང་ཁ་བརྒྱུད་དེ་ ཕྱིར་ཚོང་འཐབ་ནི་སྦེ་འདུག་ཟེར་ཨིན་པས།

གློག་ཐག་སྤྲིངས་ནིའི་ ལས་འགུལ་ཚུ་ཡང་ མཇུག་བསྡུ་ནུག་ཟེར་ཨིན་པས།

ལས་འགུལ་དང་པ་དང་༢ པ་ལས་བརྒྱུད་དེ་ ལྷ་མོའི་རྫིང་ཁ་ཚུན་ གློག་ཐག་སྤྲིངས་པའི་སྐབས་ ཀ་ཆེན་༤༧༥ ས་གནས་ཐདམ་ཐད་ཁར་ ལྷོང་མིའི་ནང་ ཀི་ལོ་མི་ཊར་༡༨༥ འདུག་ཟེར་ཨིན་པས།

ཐགཔ་སྤྲིངས་མི་དེ་ སྒེར་ས་ནང་ཚུད་ཡོདཔ་ལས་ གཞུང་གིས་ རྒུད་འཐུས་དངུལ་ཀྲམ་ས་ཡ་༤ དེ་ཅིག་ སྤྲོད་ཡོདཔ་མ་ཚད་ ཀཝ་སྦོམ་རྐྱབ་སའི་ འོག་ལུ་ཚུད་མི་ཚུ་ལུ་ ས་ཚབ་སྤྲོད་ནུག་ཟེར་ཨིན་པས།

མི་སེར་ཚུ་ལུ་ དཀའ་ངལ་དང་པ་ གློག་ཐག་འོག་ལུ་ཚུད་མི་ ས་ཆ་ཚུ་ནང་ ཁྱིམ་ཆུང་ཀུ་དང་ སྦ་སྒོར་ དེ་ལས་ བཟོ་སྐྲུན་ལཱ་འབད་མ་ཆོགཔ་དང་ སའི་ཐོག་ཁ་ལས་ གློག་ཐག་སྤྲིངས་པའི་སྐབས་ མིའི་ཚེ་སྲོག་དང་ སེམས་ཅན་ཚུ་ལུ་ གནོད་སྐྱོན་གྱི་ཉེན་ཁ་ དེ་ལས་ ཧེ་མ་ ཕམ་ཚུ་གིས་ གློག་ཐག་སྤྲིངས་ཆོགཔ་སྦེ་ ཉོགས་མེད་བྱིན་ཡོད་རུང་ ད་རེས་ སྐལཝ་བགོ་བཤའ་འཆང་སྤྱོད་འབདཝ་ད་ དཀའ་ངལ་བྱུང་ནུག་ཟེར་ཨིན་པས།

ཁོ་གིས་ ཞུ་མིའི་ནང་ ཁྲོམ་ཚོགས་ནང་འབད་བ་ཅིན་ གློག་ཐག་སྤྲིངས་མིའི་འོག་ལུ་ སྒྲིང་ཁྱིམ་ཚུ་ བཟོ་སྐྲུན་འབད་ཆོག་མི་དང་ གྲོང་གསེབ་ཚུ་ནང་ བཟོ་སྐྲུན་འབད་མ་ཆོག་མི་དེ་ དབྱེ་ཁག་སོ་སོར་ཡོད་པའི་ གནད་དོན་ག་ཅི་ཨིན་ན་ཟེར་ དྲི་བ་བཀོད་པའི་ཁར་ དཀའ་ངལ་སེལ་ཐབས་ལུ་ ལྷན་ཁག་གིས་ ཐབས་བྱུས་དང་ འཆར་གཞི་ཚུ་ ག་དེ་སྦེ་ཡོད་ག་དང་ མ་འོངས་པའི་ནང་ གློག་མེ་ལས་འགུལ་ལེ་ཤ་ གཞི་བཙུགས་འབད་ནི་ཨིནམ་ལས་ ད་རེས་བཟུམ་གྱི་ དཀའ་ངལ་མི་འབྱུང་ནིའི་དོན་ལུ་ ཐབས་ལམ་ཚུ་ ག་དེ་སྦེ་ར་ གཏོན་ནི་ཨིན་ན་ཟེར་ དྲི་བ་ཞུ་ཡི།

དེའི་ལན་ལུ་ བློན་པོ་གིས་ གློག་ཐག་མ་སྤྲིངས་པའི་ཧེ་མར་ རང་བཞིན་གནས་སྟངས་ཀྱི་ འགོ་དཔོན་ཚུ་གིས་ མི་སེར་ཚུ་ལས་ ལམ་ལུགས་ཚུ་དང་འཁྲིལ་ ཉོགས་མེད་ལེན་ཡོད་མི་དང་ རྒྱལ་ཁམས་ལུ་ ཁེ་ཕན་འབྱུང་ཐབས་ལུ་ མི་རེ་གཉིས་ལུ་ ཁེ་རྒུད་མ་བཏུབ་པར་ བཞག་མི་བཏུབ་སྦེ་ཡོད་ཟེར་ཞུ་ཡི།

གལ་སྲིད་ སའི་བཅའ་ཁྲིམས་དང་ གློག་ཤུགས་བཅའ་ཁྲིམས་དང་འཁྲིལ་ ཁྱིམ་ཆུང་ཀུ་དང་ སྦ་སྒོར་ ནོར་བཞག་ནིའི་ཁྱིམ་ཚུ་ བཟོ་སྐྲུན་འབད་མ་ཆོགཔ་སྦེ་ ས་གནས་གཞུང་གི་ མི་སྡེའི་འགོ་ཁྲིདཔ་ རྒཔོ་དང་ དམངས་མི་ ཚོགས་པ་ཚུ་གིས་ གནང་བ་བྱིན་མ་བཏུབ་པ་ཅིན་ འབྲུག་གློག་མེ་ལས་འཛིན་དང་ འབྲུག་གློག་མེ་དབང་འཛིན་ལུ་ ཞུ་ཡིག་བཙུགས་ཏེ་ གནང་བ་ལེན་ཆོགཔ་ཨིན་ཟེར་ བློན་པོ་གིས་ ཞུ་ཡི།

མ་འོངས་པའི་དོན་ལུ་ ཆུར་བརྟེན་གློག་ཤུགས་ཡུན་བརྟན་གོང་འཕེལ་སྲིད་བྱུས་༢༠༢༡ ཅན་མ་དེ་ ད་རེས་ཁམས་ཅིག་ཁར་ ཆ་འཇོག་གྲུབ་ཡོདཔ་ལས་ འཆར་གཞི་དང་ ལས་སྣ་ ལས་འགུལ་ཚུ་ ག་ཅི་ཨིན་རུང་ ཕྱི་སེལ་ནང་སེལ་སྦེ་ ཁ་གསལ་སྦེ་བཀོད་ཡོདཔ་ལས་ ལེགས་ཤོམ་འཐོན་ཚུགས་ཟེར་ཨིན་པས།

དེ་བཟུམ་སྦེ་ འབྲུག་གློག་ཤུགས་བཅའ་ཁྲིམས་༢༠༠༡ ཅན་མ་ འཕྲི་སྣོན་འབད་ནི་དང་ ཐབས་བྱུས་དང་སྲིད་བྱུས་ ལམ་སྟོན་ཚུ་ཡང་ མ་འོངས་པའི་དོན་ལུ་ ཕན་ཐོགས་སྦེ་ བརྩམ་ནི་ཨིན་ཟེར་ བློན་པོ་གིས་ བཤད་ཅི།

ཆུ་ཁའི་འཐུས་མི་ སངས་རྒྱས་རྡོ་རྗེ་གིས་ ཞུ་མིའི་ནང་ གློག་མེ་ཁག་ཆེཝ་ལས་ ཕྱིའི་བུ་ལོན་ དངུལ་ཀྲམ་ཐེར་འབུམ་༢༠༠ ལྷགཔ་ཅིག་དང་ ན་ཧིང་དང་ཕྱདཔ་ད་ བརྒྱ་ཆ་༥ ཡར་སེང་འགྱོཝ་ད་ ཚ་གྱང་ལང་ཡོད་རུང་ གཞུང་གིས་ གློག་མེའི་བུ་ལོན་དེ་ གློག་མེ་ཐོན་ཤུགས་ཀྱིས་ བཏབ་ནི་ཨིནམ་ལས་ ཚ་གྱང་ལང་དགོཔ་མིན་འདུག་ཟེར་ཨིན་པས།

ཕྱིའི་བུ་ལོན་ཐད་ཁར་ ནང་འཁོད་འོང་འབབ་དེ་ གློག་མེའི་དོན་ལུ་ ལག་ལེན་འཐབ་པའི་ཤུལ་ལས་ ལས་འགུལ་ཚུ་ མཇུག་བསྡུ་མ་ཚུགས་པའི་དཀའ་ངལ་དང་ གནམ་གཤིས་འགྱུར་བགྲོད་ལུ་བརྟེན་ ལོ་བསྟར་བཞིན་དུ་ ཆུ་རྐ་ཚུ་ སྐམ་འགྱོ་དོ་ཡོདཔ་ལས་ དེ་ཚུ་ མ་འོངས་རྒྱལ་ཁབ་ཀྱི་དོན་ལུ་ ཉེན་སྲུང་དང་ལྡནམ་སྦེ་ བཞག་ཐབས་ལུ་ ཐབས་བྱུས་དང་ སྲིད་བྱུས་ཚུ་ ལྷན་ཁག་གིས་ ག་དེ་སྦེ་ར་ རྩམ་གནང་དོ་ཟེར་ཞུ་ཡི།

ཀྲོང་གསར་གྱི་འཐུས་མི་གིས་ ཞུ་མིའི་ནང་ གློག་མེ་དེ་ འོང་འབབ་བཟོ་ནིའི་གོ་སྐབས་དང་ གློག་མེའི་ཐགཔ་སྤྲིངས་པའི་སྐབས་ རང་བཞིན་གནས་སྟངས་དང་ སྒེར་སྡེ་ལུ་ ཐོ་མ་ཕོགཔ་སྦེ་ སྤྲིངས་ཐབས་ལུ་ འཆར་གཞི་དང་ ཐབས་བྱུས་ཚུ་ ག་དེ་སྦེ་ཡོདཔ་ཨིན་ན་ སའི་འོག་ལུ་བཙུགས་ཏེ་ སྤྲིངས་ཐབས་ཀྱི་ ཐབས་བྱུས་ཚུ་གི་སྐོར་ལས་ དྲི་བ་ཞུ་ཡི།

བློན་པོ་གིས་ ཞུ་མིའི་ནང་ སྤུ་ན་ཁ་གཙང་ཆུ་༢ པའི་ གློག་མེ་ལས་འགུལ་དེ་ སྤྱི་ལོ་༢༠༢༢ ཟླ་༦ པའི་ནང་ ཨིན་ཅི་མིན་ཅི་མཇུག་བསྡུ་ནིའི་དོན་ལུ་ རྩ་འགེངས་ཏེ་ལཱ་འབད་བའི་ཁར་ ལས་འགུལ་གྱི་དོན་ལུ་ ལས་མི་༢༥༠༠ དེ་ཅིག་དགོཔ་ཡོད་རུང་ ནད་ཡམས་ལུ་བརྟེན་ ལས་མི་༡༠༠༠ ལས་བརྒལ་མེད་ཟེར་ཨིན་པས།

དེ་བཟུམ་སྦེ་ སྤུ་ན་ཁ་གཙང་ཆུ་གློག་མེ་ལས་འགུལ་དང་པ་དེ་ཡང་ ཨིན་ཅི་མིན་ཅི་ མཇུག་བསྡུ་ནིའི་དོན་ལུ་ གྲ་སྒྲིག་གི་ལཱ་ཚུ་ འབད་བའི་བསྒང་ཟེར་ བློན་པོ་གིས་ཞུ་ཡི།

ཆུར་བརྟེན་གློག་མེ་ལས་འགུལ་རྐྱངམ་གཅིག་མེན་པར་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ ནུས་ཤུགས་ལུ་ཡང་ གཙོ་བོར་བཏོན་ཏེ་ཡོད་ཟེར་ཨིནམ་ད་ དེ་ཡང་ ལོ་༡ གི་ནང་འཁོད་ལུ་ར་ ནུས་ཤུགས་མེ་ག་ཝཱཊ་༣༠ དེ་ཅིག་འབད་མི་ ཉི་དྲོད་གློག་མེ་གཞི་བཙུགས་འབད་ནིའི་དོན་ལུ་ བུམ་ཐང་དང་ དབང་འདུས་རྫོང་ཁག་༢ ནང་ ངོས་འཛིན་འབད་ཡོདཔ་མ་ཚད་ རླུང་འཁོར་ནུས་ཤུགས་ཡང་ ཐོན་སྐྱེད་འབད་ནི་སྦེ་ཡོད་ཟེར་ཨིན་པས།

ད་རེས་ མེ་ག་ཝཱཊ་༢,༣༢༢ ཐོན་སྐྱེད་འབད་ཚུགས་པའི་ ནུས་ཤུགས་བཏོན་ཐབས་དང་ ཧའེ་ཌོ་ཇིན་ཕི་ཝལ་ཚུ་ཡང་ བཏོན་ཐབས་ཀྱི་ འཆར་གཞི་དང་ ལས་སྣ་ཚུ་ཡོདཔ་མ་ཚད་ ཧེ་མ་ དར་ལ་གློག་མེ་ལས་འགུལ་དང་ ཆུ་ཁ་གློག་མེ་ལས་འགུལ་ལུ་བརྟེན་ ད་རེས་ སྤུ་ན་གཙང་ཆུ་ལས་འགུལ་ཚུ་ འགོ་བཙུགས་ཚུགསཔ་ལས་ མ་འོངས་པའི་དོན་ལུ་ འབད་ཐངས་དང་ བཅའ་ཐངས་ཚུ་ བསྒྱུར་བཅོས་འབད་དགོ་པའི་ཁར་ རྒྱལ་ཁབ་རང་བཙན་དང་ ཉེན་སྲུང་བཞག་ཐབས་ལུ་ འོས་འབབ་དང་ བརྟག་ཞིབ་ཚུ་ འབད་དགོཔ་གལ་ཆེ་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

About admin

Check Also

བོང་ཟམ་ཚུན་ འཁོར་ལམ་བསལ་ཡོད་རུང་ ཟམ་མེདཔ།

༉ ཀྲོང་གསར་ ནུབ་སྦིས་རྒེད་འོག་ལྟེ་བ་ལས་ ཆུའི་ཕར་ཁ་དང་ ཚུར་ཁར་སྡོད་མི་ཚུ་ རྒེད་འོག་ལྟེ་བའི་ནང་འོང་པའི་སྐབས་ སྟབས་བདེ་ཏོག་ཏོ་བཟོ་ནིའི་དོན་ལུ་ བསྐོར་ལམ་མཐུད་སྦྲེལ་འབད་ནི་དེ་ བོང་ཟམ་ཚུན་ བསལ་ཡོདཔ་ཨིན་རུང་ མང་སྡེ་ཆུའི་གུ་ལས་ ཟམ་མེདཔ་ཨིན་པས། ཟམ་བཟོ་སྐྲུན་འབད་བའི་ཤུལ་ལས་ མང་སྡེ་ཕུག་དང་ ལྗོངས་ཐང་ …

Leave a Reply

Your email address will not be published. Required fields are marked *