གློག་ཐག་རཝ་བསྒོར་ཏེ་ཡོད་མི་ ཝང་གླིང་གཡུས་ཚན་གྱི་ འབྱ་ཞིང་།

གློག་ཐག་རཝ་བསྒོར་མི་ལུ་བརྟེན་ རེད་ཀྱི་ཐོན་ཤུགས་ ལེགས་ཤོམ་ཡོད་པའི་རེ་བ།

༉ ཀྲོང་གསར་ སྦྱང་སྦིས་སྤྱི་འོག་ ཝང་གླིང་གཡུས་ཚན་གྱི་མི་ཚུ་ ས་ཞིང་བསྐོར་ར་རྐྱབ་སྟེ་ གློག་ཐག་རཝ་བསྒོར་ཡོདཔ་ལས་ རི་དྭགས་སེམས་ཅན་ཚུ་ བསྲུང་ནི་ལུ་ ལྷན་ཐབས་འབད་ཡོདཔ་ལས་ དུས་ཅི་ རེད་ཀྱི་ཐོན་ཤུགས་ ལེགས་ཤོམ་འོང་བའི་ རེ་བ་བསྐྱེདཔ་ཨིན་པས།

ཧེ་མར་ ས་གནས་ནང་ ཉི་དྲོད་ཀྱི་ གློག་ཐག་རཝ་བསྒོར་ཡོདཔ་ཨིན་རུང་ གནམ་གཤིས་ལུ་བརྟེན་དགོ་པའི་ཁར་ ཡུན་རིངམོ་སོང་ནི་དེ་གིས་ མེདཔ་ཐལ་ཡོདཔ་ལས་ སོ་ནམ་པ་ཚུ་ འབྱ་ཞིང་བསྲུང་སྡོད་དགོཔ་ ཐོན་ཡོདཔ་ཨིན་པས།

དུས་ཅི་ རྒེད་འོག་བདག་སྐྱོང་གིས་ གློག་ཐག་རཝ་ ཀི་ལོ་མི་ཊར་༦ དེ་ཅིག་ ས་གནས་ཁག་༥ ནང་ བསྒོར་ཡོདཔ་ལས་ སོ་ནམ་པ་ཚུ་ ཐོག་བསྲུང་མ་དགོ་པའི་ ཁེ་ཕན་བྱུང་ཡོདཔ་ཨིན་པས།

ཝང་གླིང་གཡུས་ཚན་ལས་ སངས་རྒྱས་རྡོ་རྗེ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ ལོ་ཐོག་བསྲུང་ནིའི་དོན་ལུ་ ཁྱིམ་ནང་མི་ལྷག་མེད་མི་ཚུ་ ཐོག་བསྲུང་སའི་ གནས་སྐབས་ཀྱི་ཁྱིམ་བཟོ་ནིའི་དོན་ལུ་ ལས་མི་འཚོལ་ཏེ་ ཉིནམ་༣ དེ་ཅིག་ འགོར་དོ་ཡོདཔ་ཨིན་རུང་ གློག་ཐག་རཝ་ལུ་བརྟེན་ བསྲུང་དགོཔ་མ་ཐོན་ཟེར་ཨིན་པས།

དེ་བཟུམ་སྦེ་ ཚེ་དབང་གིས་ སླབ་མིའི་ནང་ དུས་ཅི་ གནས་སྐབས་ཀྱི་དོན་ལུ་ འཐུང་ཆུའི་ཆུ་དུང་ ལག་ལེན་འཐབ་ཞིནམ་ལས་ ཞིང་ཆུ་བཏོན་ཡོདཔ་ལས་ མི་མང་ཤོས་ཀྱིས་ ལྕང་ལཱ་རྐྱབ་ཡོད་པའི་ཁར་ གློག་ཐག་རཝ་ལུ་བརྟེན་ འབྱ་ཡང་བསྲུང་མ་དགོཔ་ལས་ ཧེ་མ་དང་ཕྱདཔ་ད་ ཐོན་ཤུགས་མངམ་འོང་བའི་ རེ་བ་ཡོད་ཟེར་ཨིན་པས།

ཁོ་གིས་ སླབ་མིའི་ནང་ ཧེ་མ་འབད་བ་ཅིན་ མི་ཚུ་ ནུབ་མོ་ཨ་རྟག་ར་ ཞིང་བསྲུང་པར་འགྱོ་དགོཔ་ད་ ནུབམོ་ཅིག་ སྐད་རྐྱབ་སྟེ་ ལོ་ཐོག་སྲུང་རུང་ ཐོག་ཕྱེད་ཀ་དེ་ཅིག་ སེམས་ཅན་ཚུ་གི་ཁ་ལས་ མི་ཐོབ་ཟེར་ཨིན་པས།

མི་ཚུ་ ལཱ་ཁག་སྦེ་ ཐོག་བསྲུང་མ་དགོ་མི་ལུ་བརྟེན་ ཐོག་བསྲུང་ནིའི་ དུས་ཚོད་དེ་ ལཱ་གཞན་འབད་ཚུགས་པའི་ ཕན་པ་ཡོདཔ་ཨིན་པས།

གླང་མཐིལ་རྒཔོ་ བསོད་ནམས་དོན་གྲུབ་ཀྱིས་ སླབ་མིའི་ནང་ ཧེ་མར་ གློག་ཐག་རཝ་མེད་པའི་སྐབས་ ཐོག་ཚུ་ རི་དྭགས་སེམས་ཅན་ཚུ་ལས་ བསྲུང་མ་ཚུགས་པའི་ དཀའ་ངལ་བྱུང་ཡོདཔ་ད་ དུས་ཅི་ གློག་ཐག་རཝ་བསྒོར་ཡོདཔ་ལས་ རི་དྭགས་སེམས་ཅན་ཚུ་གིས་ ལོ་ཐོག་ལུ་ གནོདཔ་མ་བཀལ་བའི་ཁར་ གནམ་བྱཱར་ཆར་ཆུ་ལྡན་ཏོག་ཏོ་ཡོདཔ་ལས་ ཐོན་ཤུགས་མངམ་འོང་བའི་ རེ་བ་ཡོད་ཟེར་ཨིན་པས།

རྒེད་འོག་སོ་ནམ་རྒྱ་སྐྱེད་འགོ་དཔོན་ ད་མཱན་ཏི་གིས་ སླབ་མིའི་ནང་ ས་གནས་ནང་ ཉི་དྲོད་ཀྱི་རཝ་དེ་ སྤྱི་ལོ་༢༠༡༣ ལས་ཐོབ་ཡོདཔ་ད་ དེ་གིས་ཕན་ཐོགས་བྱུང་ཡོད་རུང་ གནམ་གཤིས་ལུ་བརྟེན་དགོཔ་ལས་ ཆརཔ་དང་ས་སྨུག་སྤུབས་པའི་སྐབས་ ནུས་ཤུགས་མེདཔ་ད་ གློག་ཐག་རཝ་དེ་ ཤུགས་ཆེ་བའི་ཁར་ གནམ་གཤིས་ལུ་བརྟེན་མ་དགོཔ་ལས་ ཕན་ཐོགས་ཡོད་ཟེར་ཨིན་པས།

མོ་གིས་ སླབ་མིའི་ནང་ ཧེ་མར་ རི་དྭགས་སེམས་ཅན་ཚུ་གིས་ གནོདཔ་བཀལ་བའི་སྐབས་ ས་ཞིང་ཨེ་ཀར་༡ ལས་ རེད་ཐོན་ཤུགས་ཀེ་ཇི་༤༠༠ དང་༦༠༠ ལས་ བསྡུ་མི་ཚུགས་དོ་ཡོདཔ་ད་ དུས་ཅི་ གློག་ཐག་རཝ་ལུ་བརྟེན་ ས་ཞིང་ཨེ་ཀར་རེ་ལས་ མཐོ་ཤོས་ཀེ་ཇི་༡,༢༠༠ དང་ ཉུང་ཤོས་ཀེ་ཇི་༨༠༠ དེ་ཅིག་ བསྡུ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།

ད་རུང་ གློག་ཐག་རཝ་ཐོབ་ཡོདཔ་ལས་ ཧེ་མར་ ལཱ་མ་འབད་བར་ སྟོངམ་སྦེ་བཞག་ཡོད་པའི་ཞིང་ ཨེ་ཀར་༧༠ དེ་ཅིག་ ལེགས་བཅོས་འབད་དེ་ ལོག་བཟའ་སྤྱོད་འབད་བཏུབ་ བཟོ་ཡོདཔ་ཨིན་པས།

དེ་བཟུམ་སྦེ་ ན་ཧིང་ ཝང་གླིང་ལུ ཞིང་ཆུའི་གཡུར་བ་ འཕྱགས་བདའ་ཡོདཔ་ལས་ མི་ཚུ་ ལྕང་ལཱ་རྐྱབ་མ་ཚུགས་པའི་ དཀའ་ངལ་བྱུང་ཡོད་མི་དེ་ ཡུན་བརྟན་སྦེ་ སེལ་ཐབས་ལུ་ ནགས་ཚལ་དང་གླིང་ཁ་གིས་ དངུལ་ཀྲམ་ས་ཡ་༡ དང་ རྫོང་ཁག་ལས་ དངུལ་ཀྲམ་ས་ཡ་༡ བཞག་ཡོདཔ་ལས་ ཞིང་ཆུ་དེ་ ལེགས་ཤོམ་སྦེ་ བཏོན་ནིའི་འཆར་གཞི་ཡོད་ཟེར་ ཨིན་པའི་གནས་ཚུལ།

ཉིམ་རྡོ་རྗེ། ཀྲོང་གསར།

About admin

Check Also

ད་རུང་ འབྲུག་མི་ཕུཊ་བཱོལ་རྩེད་འགྲན་པ་ཅིག་གིས་ ཕྱི་ཁའི་སྡེ་ཚན་ནང་གྲལ་གཏོགས།

༉ སྐྱེས་ལོ་༢༣ ལང་མི་ སྐལ་བཟང་གིས་ ད་ལྟོ་ རྒྱ་གར་ལུ་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ ལྡི་ལི་རྐང་རྩེད་ལིག་འགྲན་བསྡུར་༢༠༢༡ ནང་ Garhwal Heroes Football Club ཟེར་ ཕུཊ་བཱོལ་སྡེ་ཚོགས་ …

Leave a Reply

Your email address will not be published. Required fields are marked *