༉ རུ་ཀུ་སྦྱིས་ལས་ སྐྱེས་ལོ་༧༩ འབད་མི་ གསང་ཅུངམ་གིས་ ད་རེས་ དུས་ཚོད་འ་ནེམ་ཅིག་ཁར་ ཨ་རྟག་དང་མ་འདྲཝ་སྦེ་ མོ་རའི་ཁྱིམ་ནང་ སྐྱིད་ཏོང་ཏོ་སྦེ་ ཉལ་ཚུགས་དོ་ཡོདཔ་ད་ དེ་ཡང་ ད་རེས་ མོ་རའི་ཞིང་དེ་ གློག་ཐག་ར་བ་གིས་ བསྒོར་ཡོད་མི་ལུ་བརྟེན་ཨིན་པས།
མོ་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ པདཔ་དང་ ཆརཔ་ནང་ ཉིན་མ་ལཱ་གིས་ ག་དེམ་ཅིག་ར་ འུ་སྡུག་རུང་ ནུབ་མོ་ རང་སོའི་ཞིང་ནང་ ལོ་ཐོག་བསྲུང་པར་ འགྱོ་དགོཔ་ཨིན་རུང་ ད་ལས་ཕར་ གློག་ཐག་ར་བ་ལུ་བརྟེན་ སྐྱིད་པའི་དུས་ཚོད་ཤར་ཏེ་ཡོད་ཟེར་ཨིན་པས།
ད་རེས་ ཞིང་དེ་ནང་ རི་དྭགས་སེམས་ཅན་ཚུ་འཛུལ་ནི་ཕར་བཞག་ ཐ་ན་ རོ་ཁྱི་ཚུ་ཡང་ འཛུལ་མི་ཚུགས་ཟེར་ཨིན་པས།
སྐྱེས་ལོ་༣༧ འབད་མི་ ཆོས་སྐྱིད་དབང་མོ་གིས་ སླབ་མིའི་ནང་ གློག་ཐག་ར་བ་དེ་གིས་ ཁོང་གི་མི་ཚེའི་གནས་སྟངས་ ལེགས་བསྒྱུར་བཏང་ཡི་ཟེར་ཨིནམ་ད་ ད་རེས་ སེམས་ཅན་ཕུད་རྡོག་གཅིག་གིས་ཡང་ གནོདཔ་བཀལ་མི་ཚུགས་པས་ཟེར་ཨིན་པས།
གཡུས་མི་ཚུ་གིས་འབད་རུང་ གློག་ཐག་ར་བ་ཚུ་ ལག་ལེན་ཐོག་ལུ་ བཞག་ནིའི་དོན་ལས་ དུས་དང་དུས་སུ་ གློག་ཐག་གི་འོག་ལས་སྐྱེས་མི་ ཧོན་སྡོང་ཚུ་ རྔ་བཞགཔ་ཨིན་ཟེར་ཨིན་པས།
མོ་གིས་འབད་བ་ཅིན་ གློག་ཐག་ར་བ་བསྒོར་ཏེ་ དུས་ཅི་འབདཝ་ད་ ལོ་༢ དེ་ཅིག་ ལང་ཡོདཔ་ད་ ད་ལས་ཕར་ རྒྱལ་ཁབ་ཀྱི་ ས་གནས་གཞན་ཚུ་ནང་བཟུམ་སྦེ་མེན་པར་ གཡུས་ཚན་དེ་ནང་ ཕན་ཐོགས་སྦོམ་སྦེ་ར་ བྱུང་སྟེ་ཡོད་ཟེར་ཨིན་པས།
ཨ་རྟག་འབད་བ་ཅིན་ རི་དྭགས་སེམས་ཅན་ཚུ་གིས་ ཁོང་གི་ལོ་ཐོག་ཚུ་གི་ ཐོན་སྐྱེད་ཕྱེད་དེ་ཅིག་ མེདཔ་བཏངམ་ཨིན་རུང་ ད་རེས་ རང་གིས་ ས་ཁར་ག་དེམ་ཅིག་བཏབ་མི་དེ་ བསྡུ་ཚུགས་པའི་ ཁེ་ཕན་བྱུང་སྟེ་ ཡོད་ཟེར་ཨིན་པས།
གཡུས་མི་གཞན་ ཕུརཔ་ལྷ་མོ་གིས་ བཤད་མིའི་ནང་ གློག་ཐག་ར་བ་དེ་ བཙུགས་པའི་ཤུལ་ལས་ ལོ་ཐོག་གི་ཐོན་སྐྱེད་ཚུ་ གོང་འཕེལ་སོང་ཡོད་རུང་ རྩིས་ཁྲ་ཚུ་ སེམས་ཁར་མེད་ཟེར་ཨིན་པས།
ད་རེས་ གློག་ཐག་ར་བ་རྐྱབ་ཡོད་པའི་ ཞིང་དེ་གི་མིང་ རྫོང་ཁ་ལས་འབད་བ་ཅིན་ གཞུང་གཞི་ནང་ཟེར་ སླབ་དོ་ཡོདཔ་ད་ ཁོང་རའི་ཁ་སྐད་ལས་ ལེགས་ལེགས་ནང་ཟེར་ སླབ་དོ་ཡོདཔ་ད་ དེ་ཡང་ ཐིམ་ཕུག་དང་ བུམ་ཐང་གི་བར་ན་ འགྲོ་འགྲུལ་འབད་བའི་སྐབས་ གཞུང་ལམ་ལས་མཐོང་མི་ སྦུལ་གྱི་བཟོ་དབྱིབས་དང་ལྡན་མི་ ཞིང་དེ་ཨིན་པས།
ད་རེས་ ཞིང་དེ་ནང་ མང་ཤོས་ཅིག་ར་ ཀེ་བ་བཙུགས་ཡོདཔ་ཨིན་རུང་ ཚོད་བསྲེ་ཡང་ དུམ་གྲ་རེ་ འཛུགས་སྐྱོང་འབད་དེ་འདུག།
གློག་ཐག་ར་བའི་ཁྲི་འཛིན་ སངས་རྒྱས་ཚེ་རིང་གིས་ བཤད་མིའི་ནང་ ལེགས་ལེགས་ནང་ལུ་ ཁྱིམ་གུང་པ་༣༠ དེ་ཅིག་གི་ ས་ཆ་ཨེ་ཀར་༣༥ དེ་ཅིག་ ཡོད་ཟེར་ཨིན་པས།
གློག་ཐག་ར་བ་དེ་ སྤྱི་ལོ་༢༠༡༦ ལུ་ གཞི་བཙུགས་འབད་ཡོདཔ་ད་ རིང་ཚད་འབད་བ་ཅིན་ ཀི་ལོ་མི་ཊར་༢ དེ་ཅིག་ ཡོདཔ་ཨིན་པས།
མ་གཞི་ གཡུས་ཚན་དེ་ནང་གི་ གཡུས་མི་ལ་ལོ་ཅིག་ལུ་ གློག་ཐག་ར་བ་གིས་ ཕན་ཐོགས་སྦོམ་སྦེ་ར་ བྱུང་ཡོདཔ་ཨིན་རུང་ གློག་ཐག་ར་བ་མེད་པའི་ ལ་ལོ་ཅིག་གི་ཞིང་ཚུ་ནང་ རི་དྭགས་སེམས་ཅན་གྱི་གནོད་པ་ ཡར་སེང་སོང་སྟེ་འདུག།
རུ་ཀུ་སྦྱིས་ཚོགས་པ་ ཟླ་བ་ཚེ་རིང་གིས་ སླབ་མིའི་ནང་ ཨ་རྟག་འབད་བ་ཅིན་ ལེགས་ལེགས་ནང་ཞིང་བརྒལ་ཏེ་ རི་དྭགས་སེམས་ཅན་ ག་ཅི་ཡང་ འོང་ནི་མེདཔ་ཨིན་རུང་ ད་རེས་ ཞིང་དེ་ གློག་ཐག་ར་བ་བསྒོར་བའི་ཤུལ་ལུ་ ཞིང་གཞན་ཚུ་ནང་ གནོད་པ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
གཞུང་གིས་ གཡུས་ཚན་ནང་ཡོད་པའི་ ཞིང་ག་རའི་དོན་ལུ་ གློག་ཐག་ར་བ་ རྐྱབ་གནང་ཚུགས་པ་ཅིན་ བཀའ་དྲིན་ཆེ་ནི་མས་ཟེར་ ཨིན་པའི་གནས་ཚུལ།
རུ་ཀུ་སྦྱིས་ལས་ ཉི་མ་དབང་འདུས།