༉ བསམ་གྲུབ་ལྗོངས་མཁར་ བསམ་གྲུབ་ཆོས་གླིང་དྲུང་ཁག་ ཕུན་ཚོགས་ཐང་རྒེད་འོག་གི་ དུང་དཀར་གླིང་སྤྱི་འོག་ནང་ གློག་ཐག་ར་བའི་ ཞབས་ཏོག་ལྷོད་དེ་ ལོ་༢ ལྷགཔ་ཅིག་ སོང་ཡོད་རུང་ ཕན་ཐོགས་འབྱུང་མ་ཚུགས་པར་ ཡོདཔ་ཨིན་པས།
དུང་དཀར་གླིང་ལས་ སྐྱེས་ལོ་༤༢ ལང་མི་ པདྨ་བཀྲིས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་འོག་ནང་ མི་ཚུ་གིས་ སྤྱི་ལོ་༢༠༡༦ ལས་ར་ གློག་ཐག་སྤྲིངས་ནིའི་ལཱ་ཚུ་ འབད་ཡི་ཟེར་ཨིན་རུང་ ད་ལྟོ་ཚུན་ཚོད་ རྒེད་འོག་བདག་སྐྱོང་ལ་སོགས་པའི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གློག་མེ་མཐུད་སྦྲེལ་འབད་མ་བྱིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྤྱི་འོག་གི་ མི་ཚུ་གིས་ འབྱ་འཛུགས་སྐྱོང་རྒྱ་ཆེ་དྲགས་སྦེ་ འབད་དོ་ཡོདཔ་བཞིན་དུ་ འབྱ་དེ་ དེ་ཁའི་མི་ཚུ་གི་དོན་ལུ་ དངུལ་ཐོག་ངོ་མ་ཅིག་ཨིནམ་ལས་ གློག་ཐག་ར་བ་དེ་ལུ་ གློག་མེ་མཐུད་སྦྲེལ་འབད་བ་ཅིན་ ནུབ་མོ་ལོ་ཐོག་བསྲུང་མ་དགོ་པའི་ ཕན་ཐོགས་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
སྐྱེས་ལོ་༥༥ ལང་མི་ བསམ་གྲུབ་ཀྱིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་དང་ སོ་ནམ་རྒྱ་སྐྱེད་འགོ་དཔོན་གྱིས་ གློག་ཐག་ར་བ་ལུ་ གློག་མེ་མཐུད་སྦྲེལ་འབད་ནི་སྦེ་ སླབ་མི་ལུ་བརྟེན་ སྤྱི་ལོ་༢༠༡༧ ལུ་ ད་རུང་ ཀཝ་ཚུ་ལྷོང་ཐོག་ལས་ ཐགཔ་སྤྲིངས་ནིའི་ལཱ་ཚུ་ འབད་ཡི་ཟེར་ཨིན་རུང་ མཐུད་སྦྲེལ་འབད་མ་བྱིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གིས་ གློག་ཐག་སྤྲིངས་ནིའི་ལཱ་ཚུ་ ཚར་༢ དེ་རེ་འབད་རུང་ ད་ལྟོའི་བར་ན་ཡང་ གློག་མེ་མཐུད་སྦྲེལ་འབད་མ་བྱིནམ་ལས་ གློག་མེ་མཐུད་སྦྲེལ་དེ་ རྒེད་འོག་བདག་སྐྱོང་དང་ རྫོང་ཁག་སོ་ནམ་ཡིག་ཚང་ག་གིས་ འབད་ནི་ཨིན་ན་ ཧ་གོ་མ་ཚུགས་ཟེར་ཨིན་པས།
དུང་དཀར་གླིང་གི་ མི་ཚུ་གིས་ སླབ་མིའི་ནང་ ཆུམ་ཚོང་འབྲེལ་འཐབ་ཐོག་ལས་ འོང་འབབ་ལེགས་ཤོམ་བཟོ་ཚུགས་དོ་ཡོདཔ་ལས་ མི་ཚུ་གིས་ ཟད་འགྲོ་སྦོམ་བཏང་སྟེ་ འབྱ་འཛུགས་སྐྱོང་འབད་དོ་ཡོད་རུང་ གློངམོ་ཆེ་སྡེ་ཚན་སྦེ་ འོང་དོ་ཡོད་མི་དེ་གིས་ འབྱ་ཞིང་ཨེ་ཀར་སྦེ་ མེདཔ་བཏང་དོ་ཡོད་པའི་ གདོང་ལེན་ཡོད་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ སྤྱི་ལོ་༢༠༡༦ དང་༢༠༡༧ ལུ་ གློག་ཐག་སྤྲིངས་ཡོད་མི་ཚུ་ མེདཔ་ཐལ་ཡོདཔ་མ་ཚད་ ཀཝ་ཚུ་ཡང་ ཧོང་སྡོང་ཚུ་གིས་ སྤུབས་ཚར་ནུག་ཟེར་ཨིནམ་ད་ རྒེད་འོག་བདག་སྐྱོང་ལ་སོགས་པའི་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཐབས་ལམ་ཅིག་ བཏོན་མ་ཚུགས་པ་ཅིན་ ནམ་ཅིག་གི་ཚེ་ འབྱ་འཛུགས་སྐྱོང་འབད་ནི་དེ་ བཤོལ་བཞག་འབད་དགོ་པའི་ དུས་ལུ་ཐུག་ནི་མས་ཟེར་ཨིན་པས།
ཕུན་ཚོགས་ཐང་རྒཔོ་ འཇམ་དབྱངས་རྒྱལ་མཚན་གྱིས་ སླབ་མིའི་ནང་ རྒེད་འོག་བདག་སྐྱོང་གིས་ མི་ཚུ་ལུ་ གློག་ཐག་ར་བའི་ ཅ་ཆས་ཚུ་ སྤྲོད་ཐོག་ལས་ གློག་མེ་ཡང་ མཐུད་སྦྲེལ་འབད་དེ་ ལག་ལེན་འཐབ་ཅི་ཟེར་ཨིན་རུང་ ཤུལ་ལས་ མི་ཚུ་གིས་ ཀཝ་ཚུ་གི་ རྩ་བར་སྐྱེས་མི་ ཧོན་སྡོང་ཚུ་ཡང་ བསལ་མ་བཏུབ་པས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ མི་ཚུ་གི་ཁ་ཐུག་ལས་ ལས་མིའི་རྒྱབ་སྐྱོར་དགོ་པས་ཟེར་ཨིནམ་ད་ ཁོང་གིས་ སྤྲོ་བ་དེ་ཅིག་ བསྐྱེད་མི་བཏུབ་པས་ཟེར་ཨིན་རུང་ སྤྱི་འོག་ནང་ འབྱ་འཛུགས་སྐྱོང་ལ་སོགས་པ་འབད་མི་ཚུ་གི་དོན་ལུ་ གློག་ཐག་ར་བ་དེ་ ངེས་པར་དུ་ དགོཔ་ཡོདཔ་ལས་ འཕྲལ་མགྱོགས་ར་ སེལ་ཐབས་འབད་འོང་ཟེར་ ཨིན་པའི་གནས་ཚུལ།
བསམ་གྲུབ་ལྗོངས་མཁར་ལས་ སྐལ་བཟང་དབང་ཕྱུག།