གློ་བུར་སྨན་བཅོས་ཞབས་ཏོག་སྡེ་ཚན་གྱིས་ ནདཔ་ཚབས་ཆེན་ཚུ་ ས་གོ་ནང་ར་ སྨན་བཅོས་འབད་བའི་བསྒང་།

གློ་བུར་སྨན་བཅོས་ཞབས་ཏོག་སྡེ་ཚན་གྱིས་ ནདཔ་ཚབས་ཆེན་ཚུ་ སྲོག་སྐྱབས་འབད་དོ་ཡོདཔ།

༉ དུས་ཅི་ སྤྱི་ཟླ་༥ པའི་ནང་ བསམ་རྩེ་ལུ་ ཨམ་སྲུ་ཅིག་ རི་གླང་གིས་བརྡུངས་ཏེ་ ཤི་ནིའི་གུ་ ཐུག་ཡོདཔ་ཨིན་རུང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ གསོ་བའི་གློ་བུར་ལས་བྱེདཔ་ སྡེ་ཚན་ཅིག་གིས་ སྲོག་སྐྱབས་འབད་ཚུགས་ནུག།
དེ་བསྒང་ ཨམ་སྲུ་དེ་ རི་གླང་གི་རཝ་གིས་ མཆན་ལོགས་གུ་གསོབ་སྟེ་ གློཝ་སྤེད་བཏང་མི་ལུ་བརྟེན་ ཁྲག་ལེ་ཤ་ཐོན་ཏེ་ ཤི་ནིའི་གུ་ཐུགཔ་ད་ སྡེ་ཚན་དེ་གིས་ དེ་འཕྲོ་ལས་ གནམ་གྲུ་ཆག་སའི་ ཐང་ནང་འབད་ར་ གཤག་བཅོས་ཆུང་ཀུ་ཅིག་འབད་ཞིནམ་ལས་ ཐིམ་ཕུག་སྨན་ཁང་ནང་ འབག་འོང་སྟེ་ སྨན་བཅོས་འབད་ཡོདཔ་བཞིན་དུ་ ཉིན་གྲངས་༥ དེ་ཅིག་གི་རྒྱབ་ལས་ ཨམ་སྲུ་དེ་ ལོག་གཡུས་ཁར་བཏང་ནུག།
དེ་སྦེ་ ཨམ་སྲུ་དེ་ སྲོག་སྐྱབས་འབད་ཚུགས་མི་དེ་ཡང་ གཙོ་བོ་ར་ ད་རེས་ གསོ་བའི་ལྷན་ཁག་དང་ འཇིགས་མེད་རྡོ་རྗེ་དབང་ཕྱུག་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ གཞི་བཙུགས་འབད་མི་ འབྲུག་གནམ་ཐོག་གློ་བུར་ཞབས་ཏོག་སྡེ་ཚན་ཟེར་མི་ གསོ་བའི་གློ་བུར་ཞབས་ཏོག་གསརཔ་ཅིག་ གཞི་བཙུགས་འབད་མི་ལུ་བརྟེན་ཨིན་པས།
སྡེ་ཚན་དེ་ དུས་ཅི་ སྤྱི་ཟླ་༥ པའི་ནང་ལས་ འགོ་བཙུགས་ཡོདཔ་ད་ སྡེ་ཚན་དེ་ནང་ ཕྱིའི་ཌོག་ཊར་ཅིག་གིས་གཙོས་པའི་ འབྲུག་པའི་ སྨན་གཡོགཔ་༢ ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་འོག་གི་ གློ་བུར་སྨན་བཅོས་ཞབས་ཏོག་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ སྡེ་ཚན་དེ་ གཞི་བཙུགས་འབད་དགོ་མི་དེ་ཡང་ གཙོ་བོ་ར་ ཧེ་མའི་ ལམ་ལུགས་ནང་འབད་བ་ཅིན་ མ་གཞི་ གནམ་གྲུ་གིས་ ས་གནས་ཁག་ཚུ་ནང་ལས་ཕར་ ནདཔ་ཚུ་ལེན་པར་ སོང་ཡོདཔ་ཨིན་རུང་ ལེན་འབག་འོང་སྟེ་ ཐིམ་ཕུག་དང་ ཉེ་འདབས་ཀྱི་ སྨན་ཁང་ཚུ་ནང་ མ་ལྷོདཔ་ལས་ ཤི་རྐྱེན་བྱུང་བའི་ ཉེན་ཁ་ཡོད་ཟེར་ཨིན་པས།
ད་རེས་ཀྱི་ སྡེ་ཚན་དེ་ནང་ ལཱ་འབད་མི་ཚུ་ག་ར་ ཁྱད་རིག་ཅན་ཚུ་ཨིནམ་ད་ ཁོང་གིས་ ནདཔ་ཚུ་ སྐྱེལ་འདྲེན་འབད་བའི་ལམ་ཁར་ གནམ་གྲུ་ནང་ ག་དེ་སྦེ་ བདག་འཛིན་འཐབ་སྟེ་ གནམ་གྲུ་ནང་ ཤི་རྐྱེན་འབྱུང་ནི་ལས་ བཀག་ཚུགས་ཟེར་ཨིན་པས།
དེ་མ་ཚད་ ཧེ་མ་འབད་བ་ཅིན་ ནདཔ་ཚུ་ གནམ་གྲུ་ནང་ བཙུགས་འབག་འོང་བའི་སྐབས་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་གི་ གསོ་བའི་ལས་བྱེདཔ་དེ་ཡང་ ནདཔ་དང་གཅིག་ཁར་ འོང་དགོཔ་ལས་ གསོ་བའི་ལས་བྱེདཔ་མ་ལང་བའི་ དཀའ་ངལ་ཚུ་ཡང་ བྱུང་ཡོདཔ་ཨིན་རུང་ ད་ལས་ཕར་ གསོ་བའི་ལས་བྱེདཔ་ཚུ་ ཐིམ་ཕུག་ལས་ར་ གཏང་ཐབས་ལུ་ ཨིན་ཟེར་ཨིན་པས།
ཨིན་རུང་ དེ་བཟུམ་མའི་ ཞབས་ཏོག་གི་དོན་ལུ་ གསོ་བའི་ཅ་ཆས་ ལེ་ཤ་ཅིག་ར་ དགོཔ་ཡོདཔ་ལས་ འབྲུག་གཞི་ཚོགས་ལས་ མ་དངུལ་གྲོགས་རམ་གྱི་དོན་ལུ་ སླབ་སྟེ་ཡོད་ཟེར་ཨིན་པས།
འབྲུག་གཞི་ཚོགས་ཀྱི་ ལས་རིམ་མདོ་ཆེན་ བཀྲིས་ཚེ་རིང་འབྲུག་པ་གིས་ སླབ་མིའི་ནང་ ཁོང་གིས་ མ་དངུལ་གྱི་ གྲོགས་རམ་ འཚོལ་ནིའི་དོན་ལུ་ ད་རེས་ཀྱི་ཟླཝ་ནང་ ཁོང་རའི་ གྲོགས་རམ་འབད་མི་ རྒྱལ་ཁབ་ཚུ་ནང་ གོ་བརྡའི་ལས་རིམ་ཚུ་ འགོ་འདྲེན་འཐབ་བཞིན་དུ་ ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལྟོ་ ཅ་ཆས་ག་ཡོདཕ་ཅིག་ ལག་ལེན་འཐབ་ཐོག་ལས་ སྡེ་ཚན་དེ་གིས་ སྲོག་སྐྱབས་ཀྱི་ལཱ་འབད་ཚུགས་དོ་ཡོདཔ་ད་ ཤུལ་ལས་ ཅ་ཆས་ཚུ་ ཐོབ་པའི་བསྒང་ལས་ དེ་བ་ལྷག་པའི་ ཞབས་ཏོག་ཚུ་ བྱིན་ཚུགས་ཟེར་ཨིན་པས།
ད་རེས་ ཁས་བླངས་ཐོག་ལས་ རྒྱལ་ཁབ་ནང་ ལཱ་འབད་དེ་ཡོད་མི་ དྲན་པ་གསོ་ནིའི་ནང་མཁས་མཆོག་ ཌོག་ཊར་ ཅཱལསི་ མིཟི་གིས་ སླབ་མིའི་ནང་ སྡེ་ཚན་དེ་ གཞི་བཙུགས་འབད་དགོཔ་མི་དེ་ཡང་ གཙོ་བོ་ར་ ད་ལྟོ་ཚུན་འབད་བ་ཅིན་ ནདཔ་ཚབས་ཆེན་ཚུ་ ཁོང་ར་ལུ་དགོ་པའི་ སྨན་བཅོས་ཞབས་ཏོག་ཡོད་སར་ འབག་འོང་ནིའི་ ལཱ་འབད་ཡོདཔ་ཨིན་རུང་ ད་ལས་ཕར་ ནདཔ་ཚབས་ཆེན་ལུ་དགོ་པའི་ ཞབས་ཏོག་ཚུ་ ནདཔ་ཚབས་ཆེན་ཡོད་སར་ འབག་ནི་དེ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ཞབས་ཏོག་དེ་ ལུང་ཕྱོགས་ནང་ འགོ་དང་པ་ ཨིན་ཟེར་ཨིན་པས།
དེ་གིས་ རྒྱལ་ཁབ་ནང་ གློ་བུར་གྱི་ ནད་གཞི་ཚུ་ལུ་བརྟེན་པའི་ ཤི་རྐྱེན་ཚུ་ ལེ་ཤ་གིས་ བཀག་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྡེ་ཚན་དེ་ གཞི་བཙུགས་འབད་མི་ལས་ ད་ལྟོ་ཚུན་ མི་གྲངས་༡༠ སྲོག་སྐྱབས་འབད་ཡོདཔ་ད་ ད་ལྟོ་ ཁས་བླངས་ཐོག་འོང་མི་ ཕྱིའི་ཌོག་ཊར་ཅིག་གིས་ འགོ་འདྲེན་འཐབ་དོ་ཡོད་རུང་ འགྲོས་ཀྱིས་སྦེ་ ནང་འཁོད་ཀྱི་ གསོ་བའི་ལས་བྱེདཔ་ཚུ་གིས་ འབད་ཚུགསཔ་ བཟོ་ནི་ཨིན་ཟེར་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

About admin

Check Also

སྤོང་ཅུ་ལ་ལུ་ གནམ་གྲུ་ཐང་རྐྱབ་ནི་གི་ འོས་འབབ་མེདཔ་བཟུམ་ཡོདཔ།

༉ མོང་སྒར་སྤོང་ཅུ་ལའི་ ས་ཁོངས་དེ་ ཆུང་ཀུ་ཡོདཔ་ལས་ རྒྱལ་སྤྱིའི་གནམ་གྲུ་ཐང་རྐྱབ་ནིའི་ འོས་འབབ་མེདཔ་བཟུམ་ཅིག་ཡོདཔ་ཨིན་པས། དེ་ཡང་ སྤྱི་ཟླ་༡༡ པའི་ཚེས་༢༦ ལུ་ རྒྱལ་ཡོངས་ཚོགས་འདུ་ནང་ མོང་སྒར་གྱི་འཐུས་མི་ ཀརྨ་ལྷ་མོ་གིས་ གནམ་གྲུ་ཐང་གཞི་བཙུགས་ཀྱི་ འཆར་གཞིའི་ལས་སྣ་དེ་ …

Leave a Reply

Your email address will not be published. Required fields are marked *