གླེན་མགོ་བསད་པའི་བཤེར་ཡིག་ ཁྲིམས་འདུན་ལུ་ བཙུགས་ཡོདཔ།

༉ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ སྐྱེས་ལོ་༢༤ ལང་མི་ ཕོ་སྐྱེས་ཅིག་གིས་ སྐྱེས་ལོ་༣༣ ལང་མི་ གླེན་མགོ་ཅིག་ དམར་བསད་འབད་བའི་ཉེས་འཛུགས་ཐོག་ ཁ་ཙ་ བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཁྲིམས་འདུན་ལུ་ རྩོད་བཤེར་བཙུགས་ཡོདཔ་ཨིན་པས།
བཤེར་ཡིག་དང་འཁྲིལཝ་ད་ ཉེས་འཛུགས་ཅན་ལུ་ དང་བླང་རྟོགས་མེད་གདོང་ཐུག་གི་ གནོད་འགེལ་ཐོག་ལས་ ཉེས་འཛུགས་འབད་ཡོདཔ་ད་ བྱ་ངན་དེ་ཡང་ དུས་ཅི་ སྤྱི་ཟླ་དང་པའི་ཚེས་༡༥ ལུ་ བསམ་གྲུབ་ལྗོངས་མཁར་ སྒོམ་དར་རྒེད་འོག་ སྤྱི་གདུང་མཁར་གཡུས་ཚན་ནང་ བྱུང་ཡོདཔ་ཨིན་པས།
བྱ་ངན་དེ་ཡང་ ཉེས་འཛུགས་ཅན་དང་ ཉམས་རྒུད་པའི་བར་ན་ ཁ་ཤགས་རྐྱབ་པའི་ཤུལ་ལས་ ཉེས་འཛུགས་ཅན་གྱིས་ ཉམས་རྒུད་པའི་མགུ་ཏོ་གུ་ ཐབ་ཤིང་བླུགས་བྱིན་པའི་ཤུལ་ལས་ ཤི་སོཔ་ཨིན་པས།
སྙན་ཞུ་དང་འཁྲིལཝ་ད་ ཉེས་འཛུགས་ཅན་ བསོད་ནམས་རྡོ་རྗེ་གིས་ རྐྱེན་ངན་བྱུང་བའི་ཚེ་ གཡུས་ཚན་དེ་ནང་ ལྷ་གསོལ་འབད་སའི་ ཁྱིམ་ཅིག་ནང་སོང་བའི་སྐབས་ གླེན་མགོ་དང་ཕྱདཔ་ད་ གླེན་མགོ་གིས་ ཉེས་འཛུགས་ཅན་ལས་ ཧེ་མ་ བྱ་གཉིས་འབག་མི་དེ་ ཁོ་ལུ་ ཨརཝ་ཟེར་སླབ་མས་ཟེར་ ལགཔ་གི་བརྡ་སྟོན་ཐོག་ལས་ སླབ་པའི་ཁར་ ཁོ་ར་ ཙིགཔ་ཟ་བའི་ཤུགས་ཀྱིས་ གྱི་བཏོན་ཏེ་ ཤིང་དུམ་ཅིག་ལུ་ ཚར་གསུམ་བླུགས་ཏེ་ ཁྱིམ་ནང་ལས་ ཕྱི་ཁར་ཐོན་སོང་ནུག་ཟེར་ཨིན་པས།
དེ་གི་ཤུལ་ལས་ ཉེས་འཛུགས་ཅན་ཡང་ གསང་སྤྱོད་ནང་འགྱོ་ནི་ཟེར་ ཕྱི་ཁར་འགྱོ་བའི་སྐབས་ གླེན་མགོ་གི་གཟུགས་ཁར་རེགཔ་ད་ གླེན་མགོ་ཙིགཔ་ཟ་བའི་སྟབས་ཀྱིས་ གྱི་བཏོན་ཏེ་ ཚར་གཉིས་བླུགས་བྱིནམ་ད་ ཕོག་ཡོདཔ་མ་ཤེས་རུང་ ཤུལ་ལས་ ཁོ་ར་ ཁྱིམ་ནང་འོང་ཞིནམ་ལས་ ཆང་འཐུང་པར་འགྱོཝ་ད་ ཆ་རོགས་ཚུ་གིས་ མགུ་ཏོ་ལས་ ཁྲག་ཐོན་སར་མཐོངམ་ལས་ གླེན་མགོ་གི་གདོང་གུ་ མཛོག་ཕུ་དང་ རྡོག་ཐེལ་བླུགས་བྱིན་ནུག་ཟེར་ཨིན་པས།
འཐབ་འཛིང་འབད་སར་མཐོང་མི་ རྟ་མགྲིན་གྱིས་ བར་ན་འཛུལ་ཏེ་ བཀག་ནི་འབད་བའི་སྐབས་ ཉེས་འཛུགས་ཅན་གྱི་གདོང་གུ་ མཛོག་ཕུ་ཐེངས་གཉིས་ བླུགས་བྱིན་པའི་ཤུལ་ལས་ ཁོ་ར་ཡང་ ས་ཁོངས་ནང་ལས་ བྱོག་འགྱོ་བའི་སྐབས་ ཉེས་འཛུགས་ཅན་གྱིས་ ཁོ་བདའ་མ་ཟུན་པར་ གླེན་མགོ་གི་ རྟིང་བདའ་འགྱོཝ་ད་ ཐབ་ཚང་ནང་ལས་ རྣལ་ལྕགས་རྐྱབ་སྟེ་ ཉལ་སྡོད་སར་ མཐོང་ཡོདཔ་ཨིན་པས།
ཁོ་གིས་ ཐབ་ཚང་གི་སྒོ་ཕྱེས་ཏེ་ ནང་ན་འཛུལ་བའི་ཤུལ་ལས་ གླེན་མགོ་གི་མགུ་ཏོ་གུ་ ཐབ་ཤིང་གིས་ བླུགས་པའི་སྐབས་ འགོ་དང་པ་ བླུགས་མི་ཤིང་དེ་ ཆག་སོང་ཡོད་རུང་ ཐེངས་གཉིས་པ་བླུགས་མི་དེ་གིས་ མགུ་ཏོ་གུ་ཕོགཔ་ད་ ཐོདཔ་དཀྲུམས་བཏང་ཡོདཔ་ལས་ ལྷ་པ་དང་ ཁ་ནང་ལས་ཁྲག་ཐོན་ཏེ་ དེ་གི་ནངས་པར་ ཤི་ཡོདཔ་ཨིན་པས།
གསོ་བའི་སྙན་ཞུ་ནང་ཡང་ ཀ་པ་ལི་དཀྲུམས་མི་ལུ་བརྟེན་ ཁྲག་ཐོན་ཏེ་ ཤི་རྐྱེན་བྱུང་ནུག་ཟེར་ བཀོད་ཡོདཔ་ཨིན་པས།
བྱ་ངན་དེའི་སྐོར་ལས་ ཚེ་འདས་ཀྱི་ཨ་པ་གིས་ གཡུས་ཁའི་ཚོགས་པ་ལུ་ སྤྱི་ཟླ་དང་པའི་ཚེས་༡༦ ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཁྲིམས་སྲུང་འགག་པ་ཚུ་ ཞིབ་དཔྱད་འབད་བར་ ལྷོད་ཡོདཔ་ཨིན་པས།
རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༤༠ པའི་ཁ་པ་དང་༡༤༡ གི་ དགོངས་དོན་དང་འཁྲིལ་ དབྱེ་རིམ་༢ པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
དེ་མ་ཚད་ ཉེས་འཛུགས་ཅན་གྱིས་ ཉམས་རྒུད་པའི་བཟའ་ཚང་ལུ་ རྒུད་འཐུས་ཚུ་ཡང་ བྱིན་དགོ་པའི་ བཀའ་རྒྱ་གནང་དགོ་པའི་ ཞུ་བ་འབད་ཡོད་པའི་གནས་ཚུལ།

བཀྲིས་བསྟན་འཛིན།

About admin

Check Also

གསོ་བའི་ཞབས་ཏོག་ ཡུན་བརྟན་བཞག་ནིའི་དོན་ལུ་ ཞབས་ཏོག་ཚུལ་མཐུན་ལེན་དགོཔ།

༉ འབྲུག་གི་རྩ་ཁྲིམས་ཆེན་མོའི་ དགོངས་དོན་དང་འཁྲིལ་ ད་ལྟོ་ རྒྱལ་ཁབ་ནང་ གསོ་བའི་ཞབས་ཏོག་ཚུ་ བར་མ་ཆད་པར་ རིན་མེད་སྟོང་པར་སྦེ་ སྤྲོད་བཞིན་དུ་ཡོད་རུང་ མ་འོངས་པར་ ཞབས་ཏོག་ཚུ་ ག་དེ་སྦེ་ ཡུན་བརྟན་བཞག་ཚུགས་འོང་ག་ཟེར་བའི་ ཚ་གྱང་ཡོདཔ་ཨིན་པས། མ་གཞི་ …

Leave a Reply

Your email address will not be published. Required fields are marked *