གླངམོ་ཆེ་ཚུ་གིས་ གནོདཔ་བཀལ་མི་དཀའ་ངལ་ ནམ་བསལ་ཚུགས་ནི་སྨོ?

༉ ས་མཚམས་རྫོང་ཁག་ཚུ་ནང་ རི་དྭགས་སེམས་ཅན་ གླངམོ་ཆེ་ཚུ་གིས་ འགྲོ་བ་མི་དང་ ལོ་ཐོག་ཚུ་ལུ་ གནོདཔ་བཀལ་བའི་ དཀའ་ངལ་བྱུང་མི་དེ་ གནད་དོན་གསརཔ་ཅིག་མེན་རུང་ ཐབས་ལམ་སྒྲིང་སྒྲི་ཅིག་ བཏོན་མ་ཚུགས་པར་ ལོ་ངོ་མང་རབས་ཅིག་ལང་ཡི།
འདས་པའི་ལོ་ཚུ་ནང་ གླངམོ་ཆེ་ཚུ་གིས་ གནམ་ནུབ་མོ་ གཡུས་ཚན་ཚུ་ནང་འཛུལ་འོང་སྟེ་ ཁྱིམ་དང་ལོ་ཐོག་ཚུ་ལུ་ གནོདཔ་བསྐྱལ་བ་གིས་མ་ཚད་ ཐ་ན་ མིའི་ཚེ་སྲོག་ལུ་ཡང་ གནོད་སྐྱོན་རྐྱབ་མི་ལུ་བརྟེན་ ས་གནས་ནང་སྡོད་མི་ཚུ་ ཉིན་ནུབ་མེད་པར་ འདྲོག་བྱེལ་འཐབ་སྡོད་དགོཔ་བྱུང་ནུག།
གཅིག་ལས་བལྟ་བ་ཅིན་ རྒྱལ་ཁབ་ཡར་རྒྱས་ཀྱི་འགྱུར་བ་དང་བསྟུན་ ལོ་གཅིག་བ་ལོ་གཅིག་ ཁྱིམ་བཟོ་སྐྲུན་འབད་མི་ ཡར་སེང་སོང་བའི་ཁར་ གཞིས་ཆགས་མི་ཡང་ ཡར་སེང་སོང་མི་ལུ་བརྟེན་ གླངམོ་ཆེ་ཚུ་ འཁྱམས་སྡོད་སའི་ས་ཁོངས་ ཆུང་སུ་འགྱོཝ་ལས་ ཁྲོམ་གྱི་ས་ཁོངས་ཚུ་ནང་ ཐོན་འོང་མི་དེ་ཡང་ རྒྱུ་མཚན་འདི་གིས་སྦེ་ མེན་ན་ཟེར་མནོཝ་ཨིན་མས།
དེ་ཡང་ ག་འཆརཔ་ཟེར་བ་ཅིན་ ཧེ་མ་ཡང་ ཁྲོམ་སྡེའི་ས་ཁོངས་ཚུ་ནང་ གླངམོ་ཆེ་ཚུ་ཐོན་འོང་པའི་ དཀའ་ངལ་བྱུང་དོ་བཟུམ་སྦེ་ ད་རེས་ཡང་ དཔེ་འབད་བ་ཅིན་ དགེ་ལེགས་ཕུག་ཁྲོམ་གྱི་ས་ཁོངས་ནང་ གླངམོ་ཆེ་ཚུ་ འཛུལ་འོང་སྟེ་ ས་གནས་ནང་ སྡོད་མི་ཚུ་ལུ་ བྱ་སྟབས་མ་བདེཝ་སྦོམ་སྦེ་ར་ བྱུང་བཅུག་ནུག།
གླངམོ་ཆེ་ཚུ་གིས་ ཉིན་མའི་དུས་ཚོད་ལུ་ དགེ་ལེགས་ཕུག་གནམ་ཐང་གི་ ཉེ་འདབས་ལུ་ ནགས་ཚལ་སྟུག་དྲགས་སྦེ་ཡོད་མི་ཚུ་ནང་ འཁྱམས་སྡོད་ཞིནམ་ལས་ གནམ་ནུབ་མོ་ ཁྲོམ་གྱི་ས་ཁོངས་ཚུ་ནང་འོང་སྟེ་ འཛུགས་སྐྱོང་འབད་མི་འབྱ་དང་ ཤིང་འབྲས་ངང་ལག་ དེ་ལས་ ཚོད་བསྲེའི་རིགས་ཚུ་ལུ་ གནོད་སྐྱོན་རྐྱབ་དོ་ཡོདཔ་ཨིན་མས།
ཨིན་རུང་ ད་ཚུན་གྱི་བར་ན་ ཧེ་མ་བཟུམ་སྦེ་ ས་གནས་ནང་སྡོད་མི་ཚུ་གི་ རྒྱུ་དངོས་དང་ ཁང་ཁྱིམ་ཚུ་ལུ་ གནོད་སྐྱོན་མ་རྐྱབ་ནི་དེ་གིས་ ཁ་རྗེ་བཟང་ཡོད་རུང་ གནས་སྟངས་ལུ་ལྟཝ་ད་ གླངམོ་ཆེ་ཚུ་གིས་ འགྲོས་ཀྱིས་སྦེ་ར་ གཡུས་ཚན་ནང་གི་ མི་ཚུ་ལུ་ གནོད་སྐྱོན་རྐྱབ་ནིའི་ ཉེན་ཁ་སྦོམ་ཡོདཔ་སྦེ་ར་འདུག།
གནོད་འཚུབ་ཆེ་ཤོས་དེ་ར་ དགེ་ལེགས་ཕུག་ཁྲོམ་གྱི་ ས་ཁོངས་ནང་སྡོད་མི་ཚུ་ ཕར་ཚུར་འགྱོ་བའི་སྐབས་ གནོད་སྐྱོན་རྐྱབ་པའི་ ཚ་གྱང་ཡོད་མི་ལུ་བརྟེན་ མི་སྡེ་ཆ་མཉམ་ར་ འདྲོག་འཇིགས་འཐབ་སྟེ་འདུག།
ད་ལྟོ་བཟུམ་ཅིག་འབད་བ་ཅིན་ དགེ་ལེགས་ཕུག་ཁྲོམ་གྱི་ས་ཁོངས་ནང་ གླངམོ་ཆེ་༡༣ དེ་ཅིག་ ཐོན་མི་ཚུ་གིས་ ཁྲོམ་དང་ དཔལ་རི་ཐང་གི་ས་ཁོངས་བར་ན་ འཁྱམས་སྡོདཔ་ཨིན་མས།
ད་ལྟོ་ཚུན་ ནགས་ཚལ་འགོ་དཔོན་ཚུ་དང་ ས་གནས་ཀྱི་མི་ཚུ་གིས་ གླངམོ་ཆེ་ཚུ་ བདའ་གཏང་ནིའི་དོན་ལུ་ གནམ་ཁར་ཀྲོབ་མདའ་རྐྱབ་སྟེ་ འདྲོག་འཇིགས་འཐབ་བཅུག་ནི་དང་ སྐད་ཤུགས་སྦེ་རྐྱབ་མི་ མེ་རྫས་ཚུ་ ལག་ལེན་འཐབ་ཡོདཔ་ཨིན་མས།
ཨིན་རུང་ གནས་སྐབས་ཅིག་ ཕན་ཐོགས་བྱུང་ཡོད་རུང་ ཡུན་རིང་པའི་བསྒང་ལས་ གླངམོ་ཆེ་ཚུ་གིས་ སྣང་དག་མ་བསྐྱེད་མི་ལུ་བརྟེན་ ཐབས་ཤེས་དེ་གིས་ ཕན་ནུས་མེདཔ་ལས་ འཕྲལ་ཁམས་ཅིག་ཁར་ འབྲེལ་ཡོད་དབང་འཛིན་ཚུ་གིས་ གླངམོ་ཆེ་ཚུ་ བཀག་ཐབས་འབད་ནིའི་དོན་ལུ་ གྲོས་འཛོམས་ཅིག་ འཚོགས་ནུག།
དེ་ཡང་ དགེ་ལེགས་ཕུག་གི་ ནགས་ཚལ་འགོ་དཔོན་ཚུ་གིས་ རྫོང་ཁག་བདག་སྐྱོང་དང་ ཁྲིམས་སྲུང་འགག་སྡེ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ཁྲོམ་གྱི་ས་ཁོངས་ནང་ལས་ གླངམོ་ཆེ་ཚུ་ བདའ་གཏང་ནི་དང་ ས་གནས་ག་ཏེ་ལུ་ འཁྱམས་སྡོདཔ་ཨིན་ན་ མཐོང་ཚུགས་ནིའི་དོན་ལུ་ གནམ་ཁར་འཕུར་མི་ ཌོ་རཱོན་ཟེར་མི་ ཟེར་སྐད་རྐྱབ་མི་ འཕྲུལ་ཆས་དེ་ ལག་ལེན་འཐབ་ནི་སྦེ་ གྲོས་བསྟུན་འབད་ནུག།
འཕྲུལ་ཆས་དེ་ ད་ལྟོ་འགོ་དང་པ་ ལག་ལེན་འཐབ་ནི་ཨིནམ་ལས་ དེ་གིས་ གླངམོ་ཆེ་ཚུ་ བདའ་གཏང་ཚུགས་པའི་ཁར་ ས་གནས་ཀྱི་མི་ཚུ་ལུ་ སྐྱིད་ཉམས་འབྱུང་ཚུགས་པའི་ རེ་བ་ཡོད།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *