གླངམོ་ཆེ་དང་ མིའི་བྲེལ་ཟིང་ ནམ་བསལ་ཚུགས་ནི་སྨོ?

༉ དགེ་ལེགས་ཕུག་ལུ་ ལོ་བསྟར་བཞིན་དུ་འོང་མི་གླངམོ་ཆེ་ཚུ་ ཁྲོམ་དང་གཡུས་སྒོ་ཚུ་ནང་ ལོག་འཛུལ་ནི་འགོ་བཙུགས་ཡོདཔ་ལས་ གླངམོ་ཆེ་ཁྱུ་སྦེ་འོངམ་ད་ རྗེས་ཤུལ་ཅིག་ལས་ མི་ལུས་དོ་ཡོད་མི་དེ་ཡང་ སེམས་ཅན་དེ་གིས་ ལོ་ཐོག་དང་ཁྱིམ་ ཡང་ན་ མིའི་ཚེ་སྲོག་ལུ་ གནོདཔ་བཀལ་མི་དེ་ཨིན་མས།

ད་ཚུན་ འཇིགས་མེད་གླིང་གི་ས་ཁོངས་ནང་ གནས་སྐབས་ཀྱི་སྡོད་གར་དག་པ་ཅིག་ལུ་ གནོདཔ་བཀལ་བའི་ གནས་ཚུལ་ཚུ་མ་གཏོགས་ མིའི་ཚེ་སྲོག་ལུ་ བར་ཆད་རྐྱབ་པའི་ལོ་རྒྱུས་མ་གོ་རུང་ རྐྱེན་ངན་སྦོམ་འབྱུང་ནི་ལུ་ དུས་ཚོད་ཀྱི་ཁྱད་པར་ཅིག་ལས་མེདཔ་འོང་།

དགེ་ལེགས་ཕུག་ལུ་ གླངམོ་ཆེ་ཚུ་གིས་ གནོདཔ་བཀལ་མི་དེ་ ད་རེས་ འགོ་དང་པ་མེན་པའི་ཁར་ མཇུག་ཡང་མེནམ་ལས་ ད་ལས་ཕར་ཡང་ ལོ་རན་ཆད་མེད་པར་ འཐོན་སྡོད་ནི་ཨིནམ་ད་ མི་མང་ལུ་ཉེན་ཁ་ཡང་ རྒྱུན་མ་ཆད་པར་ འབྱུང་ནི་ཨིན་མས།

དོན་ངོ་མ་དེ་ དགེ་ལེགས་ཕུག་ལུ་སྡོད་མི་ཚུ་ལུ་ གླངམོ་ཆེ་ལས་ཉེན་སྲུང་ རྩ་ལས་མི་འོང་ནི་ཨིན་པའི་ཁར་ ཚེ་སྲོག་ལུ་བར་ཆད་ འབྱུང་ནིའི་ཉེན་ཁ་འདུག།

གླངམོ་ཆེ་ཚུ་ འབྲུག་དང་རྒྱ་གར་གྱི་ ནགས་ཚལ་ཚུ་ནང་ འཁྱམས་སྡོད་མི་ཨིནམ་ལས་ རྩྭ་ཆག་གི་དུས་ཚོད་དང་འཁྲིལ་དགེ་ལེགས་ཕུག་ལུ་ འོངམ་ཨིན་མས། 

གླངམོ་ཆེ་ཁྱུ་ཚུ་ བཀག་ཐབས་ལུ་ ནགས་ཚལ་སྲུང་རྒྱབ་དང་ མི་མང་གིས་ ཐབས་ཤེས་ཟེར་རུང་ གནམ་ཁར་ཀྲོབ་མདའ་རྐྱབ་ནི་དང་ མེ་འཕུ་ནི་ དེ་ལས་ རྡོ་བླུགས་ནི་དང་ སྐད་རྐྱབ་ནི་ཚུ་མ་གཏོགས་ རཝ་གི་རིགས་ཚུ་ ག་དེ་སྦེ་རྐྱབ་རུང་ ཕན་ཐོགས་མིན་འདུག།

བྱུང་རྐྱེན་མང་ཤོས་ནང་ གླངམོ་ཆེ་གིས་ ལོ་ཐོག་དང་དངུལ་ཐོག་ལུ་ གནོདཔ་བཀལ་མི་དེ་ཨིནམ་ལས་ ས་མཚམས་བདའ་གི་ སོ་ནམ་པ་ཚུ་ ཉིན་མ་ལཱ་ལུ་ཤུགས་བཏོན་ འུ་སྡུག་རུང་ ལོ་ཐོག་ལུ་བརྟེན་ འཚོ་བ་སྐྱོང་དགོཔ་ལས་ ནུབ་མོ་རི་དྭགས་སེམས་ཅན་ཚུ་ལས་ སྲུངམ་ཨིན་རུང་ གླངམོ་ཆེ་ཁྱུ་སྦེ་འོང་པ་ཅིན་ ག་ནི་ཡང་ འབད་ཐབས་མིད་འདུག།

དེ་བཟུམ་སྦེ་ ཁྱིམ་ཚུ་ལུ་ གནོདཔ་བཀལ་བར་འོང་པ་ཅིན་ ཚེ་སྲོག་གདམ་ཁ་རྐྱབ་སྟེ་ ཁྱིམ་མེདཔ་བཏང་བཅུག་པའི་ཁར་ བཟའ་འཐུང་གི་རིགས་ཚུ་ཡང་ ག་ར་ བཟའ་བཅུག་དོ་ཡོདཔ་ཨིན་མས།

འ་ནི་གདོང་ལེན་དེ་ གསརཔ་ཅིག་མེནམ་ལས་ ནགས་ཚལ་ལས་བྱེདཔ་དང་ མི་སེར་ཚུ་ཡང་ འུ་སྡུག་ཐང་ཆད་དེ་ཡོདཔ་ལས་ ཐབས་ལམ་སྒྲིང་སྒྲི་ཅིག་ བཏོན་རན་ནུག།

ང་བཅས་ཀྱིས་ གླངམོ་ཆེ་ཚུ་བསད་པ་ཅིན་ དེ་དང་འཁྲིལ་བའི་ ཉེས་ཁྲིམས་ཕོག་ནི་ཨིནམ་ལས་ མི་སེར་ཚུ་གིས་ འབད་ནིའི་དབང་ཆ་མིན་འདུག།

ད་ལྟོ་ཚུན་ གདོང་ལེན་འབད་མི་ཚུ་ མཐར་འཁྱོལ་འགྱོ་མ་ཚུགས་པར་ཡོད་མི་ལུ་ གཞུང་གིས་ ཐབས་ཤེས་གསརཔ་གཉིས་  གླངམོ་ཆེ་ཚུ་འོང་སའི་ ས་མཚམས་བདའ་ཡོད་མི་ཚལ་མ་ཚུ་བདའ་ ས་དོང་བརྐོ་བ་ཅིན་ གླངམོ་ཆེ་མ་ཚད་ རི་དྭགས་སེམས་ གཞན་ཚུ་ཡང་ འོང་མ་ཚུགས་པར་ བཀག་ཚུགསཔ་ལས་ སོ་ནམ་པ་ཚུ་གིས་ ལོ་ཐོག་ཡང་ ལེགས་ཤོམ་སྦེ་ བསྡུ་ཚུགས་པའི་ ཁེ་ཕན་འོང་ནི་བཟུམ་མཐོངམ་ཨིན་མས།

ཐབས་ཤེས་དེ་གི་ དཔེ་བཟང་པོ་དེ་ བསམ་རྩེ་རྫོང་ཁག་ནང་ ས་མཚམས་བདའ་སྟེ་ ས་དོང་བརྐོ་བའི་ཤུལ་ལས་ ས་མཚམས་ཕྱི་ཁ་ལས་ སེམས་ཅན་ཚུ་ འབྲུག་པའི་ས་ཁོངས་ནང་ འོང་མ་བཅུག་པར་ བཞག་ཚུགས་ནུག།

གཉིས་པ་དེ་ མི་སེར་ཚུ་གི་ ཚེ་སྲོག་ཉེན་སྲུང་དོན་ལུ་ སྡོད་སའི་ཁྱིམ་ཚུ་ རྩིགཔ་རྐྱབ་སྟེ་བཟོ་བ་ཅིན་ གླངམོ་ཆེ་ཚུ་ལས་ ཉེན་སྲུང་སྦེ་ སྡོད་ཚུགས་ནི་ཨིན་རུང་ ཐབས་ཤེས་དེ་ལུ་ མི་སེར་ཚུ་གིས་ ཟད་འགྲོ་མངམ་སྦེ་ གཏང་དགོཔ་འཐོན་ནི་ཨིནམ་ལས་ ཐབས་ལམ་དེ་གིས་ མི་སེར་ཚུ་ལུ་ གདོང་ལེན་འོང་ནི་ཨིན་མས།

ཨིན་རུང་ སོ་ནམ་པ་ཚུ་ལུ་ ཕན་ཐོགས་པའི་ཐབས་ཤེས་ཨིན་པ་ཅིན་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ཐབས་ལམ་བཏོན་ཏེ་ ཡང་ན་ ཟད་འགྲོ་བགོ་བཤའ་རྐྱབ་སྟེ་ སྤྲོད་ནིའི་ལམ་ལུགས་ཚུ་ཡང་ འོས་འབབ་ཡོདཔ་སྦེ་ མཐོངམ་ཨིན་མས།

About admin

Check Also

ཟྭོ་ཆག་གི་ ཟོང་ཆ་ཚུ་ ནད་ཡམས་སྐབས་ལུ་ བཙོང་མ་ཚུགས་པའི་གདོང་ལེན།

༉ ཨ་རྟག་འབད་བ་ཅིན་ ཟྭོ་ཆག་གི་ ཐགས་ལཱ་ལུ་བརྟེན་ འོང་བབས་བཟོ་ཚུགས་དོ་ཡོདཔ་ཨིན་རུང་ ན་ཧིང་ལས་ཚུར་ ནད་ཡམས་ལུ་བརྟེན་ ཚོང་འབྲེལ་ལེགས་ཤོམ་འགྱོ་མ་བཏུབ་ལས་ ཐགས་འཐག་མི་ཨམ་སྲུ་ཚུ་ ད་རེས་ སོ་ནམ་གྱི་ལཱ་འབད་ནི་ལུ་ གཙོ་བོར་བཏོན་དོ་ཡོདཔ་ཨིན་པས། ཀྲོང་གསར་ གླང་མཐིལ་རྒེད་འོག་ སྦས་གླིང་གཡུས་ཚན་ནང་རྐྱངམ་གཅིག་ …

Leave a Reply

Your email address will not be published. Required fields are marked *