གླ་འཁོར་དང་ སྐྱེལ་འདྲེན་བཱསི་གི་ གླ་ཆ་ཡར་སེང་།

༉ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ སྤྱི་ཟླ་༡༠ པའི་ཚེས་༡ ལས་ མི་མང་སྐྱེལ་འདྲེན་བཱསི་དང་ གླ་འཁོར་གྱི་གླ་ཆ་ཚུ་ བསྒྱུར་བཅོས་འབད་ནི་ཨིན་པས།

མི་མང་སྐྱེལ་འདྲེན་བཱསི་གི་གླ་ཆ་དེ་ ལམ་ཐག་རིང་ས་དང་ ནང་འཁོད་༢ ཆ་རའི་དོན་ལུ་ དངུལ་ཀྲམ་༠.༠༨ རེ་ ཡར་སེང་འབད་ཡོདཔ་བཞིན་དུ་ གླ་འཁོར་གྱི་གླ་ཆ་དེ་ དངུལ་ཀྲམ་༢ ཡར་སེང་འབད་ནུག།

གླ་ཆ་བསྒྱུར་བཅོས་འབད་མི་དང་འཁྲིལཝ་ད་ གླ་འཁོར་ནང་ འགྲོ་འགྲུལ་འབད་མི་ཚུ་གིས་ ལམ་ཐག་ཐུང་སར་ འགྲོ་འགྲུལ་འབད་བའི་སྐབས་ ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་༢༠ དང་ ལམ་ཐག་རིང་སར་ འགྲོ་འགྲུལ་འབད་བ་ཅིན་ དངུལ་ཀྲམ་༡༨ རེ་ གནས་ནི་ཨིན་པས།

སྣུམ་འཁོར་ཀོསི་ཊར་བཱསི་ནང་ རྫོང་ཁག་གཞན་ཁར་འགྱོ་བ་ཅིན་ ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་༡.༢༩ འབད་མི་དེ་ དངུལ་ཀྲམ་༡.༤༤ ལུ་ ཡར་སེང་འབད་ཡོདཔ་ད་ མི་མང་སྐྱེལ་འདྲེན་བཱསི་གིས་ ཐིམ་ཕུག་ལས་ སྤུ་ན་ཁ་ཚུན་ ཀི་ལོ་མི་ཊར་༧༡ ཀཱོས་ཊར་བཱསི་ནང་ འགྲོ་འགྲུལ་འབད་བ་ཅིན་ ཧེ་མ་ དངུལ་ཀྲམ་༩༡.༥༩ འབད་མི་དེ་ ད་ལས་ཕར་ དངུལ་ཀྲམ་༡༠༢.༢༤ གནས་ནི་ཨིན་པས།

ཁྲོམ་སྡེའི་ མི་མང་སྐྱེལ་འདྲེན་བཱསི་གི་ གླ་ཆ་དེ་ཡང་ ཀི་ལོ་མི་ཊར་རེ་ལུ་ དངུལ་ཀྲམ་༡.༨༣ འབད་མི་དེ་ དངུལ་ཀྲམ་༡.༩༨ ལུ་ ཡར་སེང་འབད་ཡོདཔ་ཨིན་པས།

ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ས་སྣུམ་གྱི་གོང་ཚད་ ཡར་སེང་སོང་མི་དང་ གཞན་ལག་ལེན་གྱི་གོང་ཚད་ཚུ་ ཡར་སེང་སོང་མི་དང་བསྟུན་ ཡར་སེང་འབད་ཡི་ཟེར་ཨིནམ་ད་ འབྲེལ་བ་ཡོད་མི་ག་ར་གིས་ བསྒྱུར་བཅོས་འབད་མི་ལུ་ ངོས་ལེན་འབད་དགོཔ་ཨིན་པས།

དབང་འཛིན་གྱི་ ལས་བྱེདཔ་ཚུ་གིས་ སླབ་མིའི་ནང་ ཡར་སེང་དེ་ ས་སྣུམ་གྱི་གོང་ཚད་དང་ སྣུམ་འཁོར་གྱི་གོང་ཚད་ དེ་ལས་ དེད་གཡོག་པའི་དངུལ་ཕོགས་དང་ ཉམས་བཅོས་འབད་བའི་སྐབས་ ཟད་འགྲོ་ཡར་སེང་སོང་ཚུ་ལུ་བརྟེན་ ཨིན་ཟེར་བཤད་ཅི།

པེ་ཊཱོལ་གྱི་དོན་ཚན་དེ་ སྤྱི་ཟླ་༨ པའི་ཚེས་༡༦ ལས་ ལི་ཊར་རེ་ལུ་ དངུལ་ཀྲམ་༢.༧ ཡར་སེང་འབད་ཡོདཔ་བཞིན་དུ་ ཌི་ཟིལ་དེ་ ལི་ཊར་རེ་ལུ་ དངུལ་ཀྲམ་༣.༢ ཡར་སེང་འབད་ཡོདཔ་ད་ ས་སྣུམ་གྱི་གོང་ཚད་དེ་ ཨ་རྟག་ར་ ཞག་གྲངས་༤ གི་ཤུལ་ལས་ བསྒྱུར་བཅོས་འགྱོ་དོ་ཡོདཔ་ཨིན་པས།

ཐིམ་ཕུག་ལུ་འབད་བ་ཅིན་ པེ་ཊཱོལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༩.༠༧ དང་ ཕུན་ཚོགས་གླིང་ལུ་ དངུལ་ཀྲམ་༦༦.༨༩ དེ་ལས་ ཐིམ་ཕུག་ལུ་ ཌི་ཟིལ་ལི་ཊར་རེ་ལུ་ དངུལ་ཀྲམ་༦༨.༡༢ དང་ ཕུན་ཚོགས་གླིང་ལུ་ དངུལ་ཀྲམ་༦༦.༡༦ གནས་དོ་ཡོདཔ་ད་ གོང་ཚད་དེ་ ལོ་༣ གྱི་ནང་འཁོད་ལུ་ ཡར་སེང་མཐོ་ཤོས་ཅིག་ཨིན་པས།

ན་ཧིང་ པེ་ཊཱོལ་གྱི་གོང་ཚད་དེ་ ལི་ཊར་རེ་ལུ་ དངུལ་ཀྲམ་༦༥.༥༤ ལུ་ལྷོད་མི་དེ་ མཐོ་ཤོས་ཨིན་པའི་ཁར་ ཌི་ཟིལ་ཐད་ཁར་ དངུལ་ཀྲམ་༥༨.༦༧ ལུ་ གནས་ཡོདཔ་ཨིན་པས།

དུས་ཅི་ སྤྱི་ཟླ་༦ པའི་ཚེས་༡ ལས་འགོ་བཙུགས་ པེ་ཊཱོལ་དང་ ཌི་ཟིལ་གཉིས་ཆ་རའི་ གོང་ཚད་དེ་ ཐེངས་༤ ཡར་སེང་སོང་ཡོདཔ་བཞིན་དུ་ ཕབ་ཆག་ཡང་ ཐེངས་༣ འབད་ཡོདཔ་ཨིན་པས།

དབང་འཛིན་གྱིས་ མི་མང་སྐྱེལ་འདྲེན་གྱི་ གླ་ཆ་བསྒྱུར་བཅོས་དེ་ ན་ཧིང་ སྤྱི་ཟླ་༡༢ པའི་ནང་འབད་ཡོདཔ་ད་ གླ་འཁོར་དང་ བཱསི་ག་རའི་དོན་ལུ་ གླ་ཆ་གི་རིའུ་མིག་ཚུ་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ ཡོངས་འབྲེལ་ནང་ལས་ འཐོབ་ཚུགས་པའི་གནས་ཚུལ།

About admin

Check Also

བག་ལྷོད་ཅན་ལུ་བརྟེན་ མིང་དོན་ལས་འགལ་བ་སོང་ཡོདཔ།

༉ འབྲུག་རྒྱལ་ཁབ་འདི་ ལོ་ངོ་བརྒྱ་ཕྲག་ལས་བཅད་དེ་ གངས་བར་ནང་གི་ཆུ་འཐུང་ སྤྲིན་བར་ནང་གི་ཉིམ་བསྲོ་སྟེ་ སྡོད་མི་ཅིག་ཨིན། དེ་མ་ཚད་ ནང་པའི་ཆོས་ཀྱི་སྲོལ་གཏོད་དེ་ མཁས་པ་དང་ སྒྲུབ་པ་ལྡན་པའི་ བླམ་མང་རབས་ཅིག་གིས་ རྒྱལ་ཁབ་བྱིན་གྱིས་རླབས་གནངམ་མ་ཚད་ ལྷག་པར་དུ་ཡང་ དུས་རབ་བརྒྱད་པའི་ནང་ རྟོགས་པ་ཕུལ་དུ་ཕྱིན་པའི་ …

Leave a Reply

Your email address will not be published. Required fields are marked *