གླ་འཁོར་གྱི་ གླ་ཆའི་ཚད་གཞི་ལུ་དབྱེ་ཞིབ།

༉ རྒྱལ་ཁབ་ནང་ ཉིན་བསྟར་བཞིན་དུ་ སྣུམ་འཁོར་གྱི་གྱངས་ཁ་ ཡར་འཕར་འགྱོཝ་དང་བསྟུན་ གཞུང་གིས་ གླ་འཁོར་གྱི་གྱངས་ཁ་ དམ་འཛིན་འབད་མི་དེ་གིས་ ཕན་ཐོགས་བྱུངམ་ཨིན་མས།
ག་འཆརཔ་ཟེར་བ་ཅིན་ ཐིམ་ཕུག་ལུ་ སྣུམ་འཁོར་མ་ཤོང་པའི་དཀའ་ངལ་བྱུངམ་ད་ གླ་འཁོར་ཚད་འཛིན་འབད་བཞག་མི་དེ་གིས་ ཕན་ཐོགས་བྱུང་དོ་བཟུམ་གྱི་ ཚོར་སྣང་འདུག།
དེ་འབདཝ་ད་ ཕྱོགས་གཅིག་ལས་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོ་མི་དང་ བཙོག་རླུང་གི་ དཀའ་ངལ་ཚུ་ མར་ཕབ་འབད་ཚུགས་རུང་ མི་རློབས་ཀྱི་ ཚད་གཞི་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་བའི་བསྒང་ལས་ མི་རློབས་དང་བསྟུན་པའི་ མཁོ་ཆས་མཐུན་རྐྱེན་ཚུ་ཡང་ དགོཔ་ཁག་ཆེ་བས།
རྒྱལ་ཁབ་ནང་ གླ་འཁོར་ཚད་འཛིན་འབད་བཞག་པའི་བསྒང་ལས་ ད་ལྟོ་ ཐོ་བཀོད་འབད་མི་ གླ་འཁོར་དེད་གཡོགཔ་དང་ ཇོ་བདག་ཚུ་གིས་ གོ་སྐབས་ལེན་ཐོག་ལས་ ལམ་འགྲུལཔ་ཚུ་ སྐྱེལ་ལེན་འབད་བའི་སྐབས་ རང་སོའི་བློ་འདོད་དང་བསྟུན་པའི་ གླ་ཆ་ཚུ་ གང་འཚམས་སྦེ་ ལེནམ་ཨིན་མས།
སྤྱིར་བཏང་དབང་འཛིན་གྱིས་ ལམ་ལུགས་གཅིག་མཚུགས་ ལག་ལེན་འཐབ་ནིའི་དོན་ལུ་ གླ་འཁོར་ཚུ་ལུ་ གླ་ཆའི་ཚད་གཞི་བཟོ་སྟེ་ བགོ་བཀྲམ་འབད་ཡོད་རུང་ འགྲུལ་པ་སྤྱིར་བཏང་ལུ་ ཤེས་རྟོགས་མེདཔ་ལས་ ལམ་ལུགས་ཐོག་ལུ་ གནས་མ་ཚུགས་པར་ལུས་ནུག།
གླ་འཁོར་དེད་གཡོགཔ་ཚུ་གིས་ ལམ་ལུགས་ཚུ་ ག་དེ་སྦེ་བཟོ་རུང་ མི་མང་འགྲུལ་སྐྱོད་འབད་མི་ལུ་ ཤེས་རྟོགས་མེདཔ་ཧ་གོ་སྟེ་ གླ་ཆ་ཚུ་ ཁོང་རའི་བློ་འདོད་དང་བསྟུན་ ལེན་དོ་ཡོདཔ་ལས་ མི་སེར་ཚུ་ བྱ་ཐབས་མེད་པར་ ཁོང་གིས་ ག་ལེན་མི་དེ་ར་སྤྲོདཔ་མས།
ཁྲོམ་སྡེའི་འགྲུལ་འཁོར་བཱསི་བཟུམ་ཅིག་འབད་བ་ཅིན་ འཐོན་འཛུལ་ས་ཁོངས་ནང་ལས་ ཤོག་འཛིན་བཏོགས་བཏང་ཞིནམ་ལས་ ལམ་བར་ནང་ལས་ མི་རེ་གཉིས་རེ་འཛུལ་མི་ཚུ་ལས་ གླ་ཆ་དུམ་གྲ་རེ་ ལེནམ་མ་གཏོགས་ སྤྱིར་བཏང་རྒྱལ་ཡོངས་ལུ་ གནོད་ཉེན་སྦོམ་མིན་ནུག།
གླ་འཁོར་ཚུ་ ནང་འཁོད་ཀྱི་ ས་གནས་ཐདམ་ཐད་ཁ་ལས་ཕར་ འགྲོ་འགྲུལ་འབད་དགོ་ནི་དེ་གིས་ དེད་གཡོགཔ་ཚུ་གིས་ གླ་ཆའི་ཚད་གཞི བཟོ་མི་ལྟར་དུ་ ལག་ལེན་མ་འཐབ་པར་ རང་གི་བློ་འདོད་དང་བསྟུན་ ལེན་དོ་ཡོདཔ་ཨིན་མས།
གཞན་ཡང་ སློབ་གྲྭ་ལོག་བཀུག་པའི་དུས་ཚོད་དང་ གནས་སྐོར་ལུ་འགྱོ་བའི་སྐབས་ གླ་འཁོར་དེད་གཡོགཔ་ཚུ་གིས་ གོ་སྐབས་ལེན་ཏེ་འབད་རུང་ དབང་འཛིན་གྱིས་ འདི་ལུ་ ལྟ་རྟོག་འབད་སར་མ་མཐོང་།
གླ་འཁོར་དེད་གཡོགཔ་ཚུ་གིས་ ལམ་ལུགས་བཟོ་བཞགཔ་མ་གཏོགས་ འདི་ལུ་ རྗེས་དཔྱད་འབད་མི་ ག་ཡང་མེདཔ་ཨིནམ་ཧ་གོ་སྟེ་ གོ་སྐབས་ལེནམ་ཨིན་མས།
འདི་འབདཝ་ལས་ དབང་འཛིན་གྱི་ ཁ་ཐུག་ལས་ དབྱེ་ཞིབ་འབད་ནིའི་ ལམ་ལུགས་ཅིག་ འགོ་འདྲེན་འཐབ་ཚུགས་པ་ཅིན་ ཆང་འཐུང་སྟེ་ སྣུམ་འཁོར་བཏང་མིའི་ཚད་གཞི་ རྒྱ་ཆེཝ་སྦེ་ར་ མར་བབས་སོང་ཡོདཔ་བཟུམ་སྦེ་ ནང་འཁོད་ཀྱི་ ལམ་ལུགས་ཚུ་ གཅིག་མཚུངས་ཐོག་ལས་ བསྟར་སྤྱོད་འབད་ཚུགས་ནི་ཨིནམ་ལས་ ག་ར་ལུ་ ཕན་ཐོགས་འབྱུང་ནི་མས་ཟེར་ ཞུ་ནི་ཨིན།

About admin

Check Also

མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༢༡ གསལ་བསྒྲགས་འབད་ཡོདཔ།

༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པ་གིས་ ཐིམ་ཕུག་ལུ་སྦེ་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་ཐེངས་༤ པའི་དོན་ལུ་ འདེམས་ངོ་༢༡ གསལ་བསྒྲགས་འབད་ ཡོདཔ་ཨིན་པས། དེ་དང་འཁྲིལ་ཏེ་ ད་ལྟོ་ཚུན་ཚོད་ མི་སེར་དམངས་གཙོ་ཚོགས་པ་གིས་ འདེམས་ངོ་༤༧ ལས་༤༢ …

Leave a Reply

Your email address will not be published. Required fields are marked *