གྲྭ་ཚང་ནང་ སྐུ་དྲུང་ཚུ་གི་འགན་ཁུར་ བསྒྱུར་བཅོས་མེད་རུང་ སྒྲིག་ལམ་ནང་ འགྱུར་བ་འགྱོ་དོ་ཡོདཔ།

༉ རང་ཟླ་༡༢ པའི་ཚེས་༡ ལུ་ སྔར་སྲོལ་འབུལ་བ་ཕུལ་བའི་ དུས་སྟོན་གྱི་ ཉིནམ་ཁྱད་པར་ཅན་དང་འཁྲིལ་ གཞུང་དགེ་འདུན་གྲྭ་ཚང་མངའ་འོག་གི་ གྲྭ་ཚང་ག་རའི་ནང་ ཡོངས་གྲགས་ལུ་ སྐུ་དྲུང་ཟེར་སླབ་མི་ ཆོས་ཁྲིམས་པ་ཚུ་ བསྐོ་བཞག་གནང་དོ་ཡོདཔ་བཞིན་དུ་ སྐུ་དྲུང་གི་ འགན་ཁུར་དེ་ ཅོག་འཐདཔ་སྦེ་ གནས་ཡོད་རུང་ དུས་ཀྱི་འཕོ་འགྱུར་དང་བསྟུན་ སྒྲིག་ལམ་བདག་འཛིན་འཐབ་ནིའི་ནང་ འགྱུར་བ་འགྱོ་དོ་ཡོདཔ་ཨིན་པས།

དུས་ཅི་ རང་ཟླ་༡༢ པའི་ཚེས་༡ ལུ་ སྤུངས་ཐིམ་འཕགས་པའི་དགེ་འདུན་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་གིས་ གཞུང་གྲྭ་ཚང་ལྟེ་བའི་ སྐུ་དྲུང་༣ གནས་ཡུན་ལོ་༡ གི་དོན་ལུ་ བསྐོ་བཞག་གནང་ནུག།

གཞུང་གྲྭ་ཚང་གིས་ ལོ་བསྟར་བཞིན་དུ་ ཚོགས་ཆེན་སྐུ་དྲུང་དང་ ཤར་སྐུ་དྲུང་ དེ་ལས་ སྤ་རོ་སྐུ་དྲུང་ཟེར་ སྐུ་དྲུང་༣ བསྐོ་བཞག་གནང་དོ་ཡོདཔ་ད་ སྐུ་དྲུང་༣ གྱིས་ གྲྭ་ཚང་ནང་ ལུང་ཕྱོགས་༣ གྱི་ དགེ་སློང་གཙོ་ཅན་ཅིག་གི་ ངོ་ཚབ་སྦེ་ གྲལ་གཏོགས་འབད་དོ་ཡོདཔ་ཨིན་པས།

སྐུ་དྲུང་དེ་ གྲྭ་ཚང་ཚུ་ནང་ ཆོས་ཕྱོགས་དང་འབྲེལ་བའི་ ལས་རིམ་ཚུ་གི་སྐབས་ སྒྲིག་ལམ་བདག་འཛིན་འཐབ་མི་ཅིག་འབདཝ་ལས་ འཇིགས་སྐྲག་དང་ལྡན་མི་ཅིག་ཨིནམ་མ་ཚད་ གུས་ཞབས་ཡང་ སྦོམ་ཡོད་མི་ཅིག་ཨིན་པས།སྐུ་དྲུང་ཚུ་གི་ལག་པར་ ཕྱེངམ་དང་སྤག་སྦྱིས་༼སྤ་ཚར་འཁརཝ༽དེ་ལས་ བྱིན་ཆགས་༼པགས་ཀོའི་རྟས་ཐག༽ཡོད་མི་དེ་ དགེ་སློང་ཚུ་གིས་ ཕྱི་རུའི་ཁ་ཐུན་དང་ ཡང་ཅིན་ གྲལ་ཁར་གཉིད་ལོག་པ་ཅིན་ ཁྲིམས་གཏང་ནིའི་དོན་ལུ་ ལག་ལེན་འཐབ་ཨིན་པས།

དགེ་སློང་ག་ར་ལུ་ མགུ་ཏོ་དང་ གཟུགས་གུ་ སྐུ་དྲུང་གི་ རྟས་ཐག་བཟེད་ཡོད་པའི་ བརྡ་མཚོན་དང་ ཡང་ཅིན་ སྐུ་དྲུང་གི་ རྟས་ཐག་ལས་ ག་དེ་སྦེ་ ཟུར་ཐབས་འབད་ཡོདཔ་ཨིན་ནའི་ ལོ་རྒྱུས་ཚུ་ སླབ་ནི་ཡོདཔ་ད་ སྐུ་དྲུང་ཚུ་གིས་ ཧེ་མ་བཟུམ་སྦེ་ རྟས་ཐག་དྲང་མ་ཆོགཔ་ལས་ འགན་ཁུར་དེ་ སྔར་ག་ཨིནམ་སྦེ་ར་ གནས་ཡོད་རུང་ སྒྲིག་ལམ་བདག་འཛིན་འཐབ་ནིའི་ནང་ འགྱུར་བ་སོང་ཡོདཔ་ཨིན་པས།

ཚོགས་ཆེན་སྐུ་དྲུང་གསརཔ་ སངས་རྒྱས་མཁའ་འགྲོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ད་རེས་ནངས་པའི་ སྐུ་དྲུང་ཚུ་ ཧེ་མའི་སྐུ་དྲུང་ཚུ་དང་ མི་འདྲ་བས་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ སྐུ་དྲུང་ཚུ་གིས་ མི་ཚུ་དྲང་རུང་ དཀའ་ངལ་དེ་ཅིག་ མ་ཐོན་རུང་ ད་རེས་ འགྱུར་བ་སོང་ཡོདཔ་ལས་ སྔར་སྲོལ་ལམ་ལུགས་ཉམས་སྲུང་འབད་ནི་ལུ་ ལཱ་ཁག་འདུག་ཟེར་ཨིན་པས།

སྐྱེས་ལོ་༨༡ ལང་མི་ སྐུ་བགྲེསཔ་རྣམ་རྒྱལ་གྱིས་ དྲན་ཚོར་འབད་མིའི་ནང་ ཧེ་མ་ སྐུ་དྲུང་གི་ གནས་ཡུན་དེ་ ཚང་བའི་ཤུལ་ལུ་ དྲང་ནིའི་དོན་ལུ་ དགེ་སློང་ཚུ་གིས་ སྡེ་ཚན་སྦེ་ སྒུག་སྡོད་ནི་ཡོད་ཟེར་ཨིནམ་ད་ དཔེར་ན་ སྤ་རོའི་སྐུ་དྲུང་གིས་ རྟས་ཐག་དྲང་མི་ལུ་ འཁོན་འཛིན་བཞགཔ་ལས་ སྐུ་དྲུང་དེ་ ལོ་ཆོག་བཏང་པར་ འགྱོ་བའི་སྐབས་ དགེ་སློང་ཚུ་གིས་ ཁ་བསྡོམས་ཏེ་ དྲང་ནུག་ཟེར་ བཤདཔ་ཨིན་པས།

དགེ་སློང་ཚུ་གིས་ འཁོན་འཛིན་བཞག་ནི་དེ་ སྤྱིར་བཏང་ཨིན་རུང་ སྐུ་དྲུང་གི་ གནས་ཡུན་ཚང་སྟེ་ དགེ་སློང་ལས་ དགོངས་ཞུ་འབད་བའི་ཤུལ་ལུ་ བརྗེདཔ་ཨིན་ཟེར་ སྐུ་བགྲེསཔ་གིས་ བཤདཔ་ཨིན་པས།

ཁོ་གིས་འབད་བ་ཅིན་ སྐུ་དྲུང་ཚུ་གིས་ དྲང་དོ་ཡོད་མི་དེ་ གྲྭ་ཚང་ནང་ སྒྲིག་ལམ་དེ་ ཁག་ཆེ་ཤོས་ཅིག་འབད་མི་ལུ་བརྟེན་ཨིན་རུང་ ད་རེས་ དྲང་མ་ཆོགཔ་ལས་ སྒྲིག་ལམ་ཡང་ མིན་འདུག་ཟེར་ཨིནམ་ད་ ཧེ་མ་ ལག་ལེན་འཐབ་མི་ཚུ་ ད་རེས་ནངས་པའི་ ཁྲིམས་ལུགས་དང་ འབྲེལ་བ་ཡང་མིན་འདུག་ཟེར་ བཤདཔ་མ་ཚད་ དགེ་སློང་ཚུ་ ལྟོ་རས་ནང་མ་གཏོགས་ ཐ་ལིའི་ནང་ བཞེས་སྒོ་བཟའ་སར་ མ་མཐོང་ཟེར་ཨིན་པས།

ད་རེས་ནངས་པར་ འགྱུར་བ་འགྱོ་མི་དེ་ དགེ་སློང་ཚུ་ དགོངས་ཞུ་མ་འབད་བར་ སྡོད་བཅུག་ནིའི་དོན་ལུ་ ཨིནམ་འོང་ཟེར་ཨིནམ་ད་ ད་རེས་ གྲྭ་ཚང་དང་ བཤད་གྲྭ་ཚུ་ནང་ དགེ་སློང་ལེ་ཤ་ཡོད་མི་དེ་ཡང་ གནད་དོན་དེ་ལུ་བརྟེན་ འོང་ནི་མས་ཟེར་ སྐུ་བགྲེསཔ་གིས་ བཤདཔ་ཨིན་པས།

རང་ཟླ་༡༢ པའི་ཚེས་༡ ལུ་ སྐུ་དྲུང་ཚུ་ བསྐོ་བཞག་འབད་བའི་ཤུལ་ལུ་ བདུན་ཕྲག་༡ གི་རིང་ སྟགམོ་ཚང་ནང་ འཛུལ་དོ་ཡོདཔ་ད་ གྲྭ་ཚང་ལ་ལོ་ཅིག་ནང་ ཉིནམ་༣ གྱི་རིང་ སྟགམོ་ཚང་ནང་ འཛུལ་དོ་ཡོདཔ་ཨིན་པས།

སྐུ་དྲུང་སངས་རྒྱས་མཁའ་འགྲོ་གིས་ སླབ་མིའི་ནང་ བདུན་ཕྲག་༡ གི་རིང་ སྟགམོ་ཚང་ནང་ འཛུལ་མི་དེ་ སྟགམོ་ཕྱུག་གུ་འཚའ་མི་ལུ་ དཔེ་བཞག་དོ་ཡོད་མི་དེ་ཡང་ སྟགམོ་ཚུ་གིས་ ཕྱུག་གུ་འཚའ་ཞིནམ་ལས་ ག་ཅི་ཡང་མ་བཟའ་བར་ བདུན་ཕྲག་༡ ཕྱུག་གུ་ཚུ་ བདག་འཛིན་འབད་བའི་ཤུལ་ལུ་ ཕྱི་ཁར་ཐོནམ་ད་ སེམས་ཅན་ག་ར་ བཟའ་དོ་ཡོད་མི་ལུ་བརྟེན་ ཨིན་ཟེར་ཨིན་པས།

དེ་བཟུམ་སྦེ་ སྐུ་དྲུང་ཚུ་གིས་ བདུན་ཕྲག་༡ གི་ཤུལ་ལས་ མི་འགྱོ་ག་ མི་འགྱོ་ག་ཟེར་སླབ་སྟེ་ ཕྱི་ཁར་ཐོན་དོ་ཡོད་མི་དེ་ཡང་ འདྲེ་གདོན་འབྱུང་པོ་དང་ བཀྲ་མ་ཤིསཔ་ཚུ་ བདའ་བའི་ཚུལ་ཨིནམ་ད་ དེ་བསྒང་ རྫོང་ནང་འོང་མི་ མི་ཚུ་གིས་ བྱ་སྤྱོད་ངན་པ་ལ་སོགས་པ་ཚུ་ སྟོན་པ་ཅིན་ སྤྱིར་བཏང་མི་ཚུ་ཡང་ དྲང་དོ་ཡོདཔ་ལས་ མི་ཚུ་གིས་ སྐུ་དྲང་ལུ་འདྲོག་སྟེ་ རྫོང་ནང་ཡང་ མི་འགྱོ་དོ་ཡོདཔ་ཨིན་པས།

སྐུ་དྲུང་ཚུ་གིས་ རྟས་ཐག་དྲང་ནི་དེ་ འགྱུར་བ་སོང་ཡོད་རུང་ རང་ཟླ་༡༢ པའི་ཚེས་༡ ལུ་ སྐུ་དྲུང་བསྐོ་བཞག་འབད་ནིའི་ ལམ་ལུགས་དེ་ ད་ལྟོའི་བར་ན་ཡང་ མ་ཉམས་པར་ཡོདཔ་ད་ ལམ་ལུགས་དེ་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་རིན་པོ་ཆེའི་སྐབས་ལས་ར་སྡོདཔ་ལས་ ལོ་བསྟར་བཞིན་དུ་ སྐུ་དྲུང་སོར་དོ་ཡོད་མི་དེ་ཡང་ དབང་ཚད་ལོག་སྤྱོད་དང་ ངན་ལྷད་འབད་སྲིད་ནི་ཨིན་མི་ལུ་བརྟེན་ཨིན་ཟེར་ སངས་རྒྱས་མཁའ་འགྲོ་གིས་ བཤདཔ་ཨིན་པས།

སྐུ་དྲུང་ཚུ་ལུ་ འདྲོག་ནི་དེ་ འགྱུར་བ་སོང་ཡོད་རུང་ གུས་ཞབས་དེ་ ད་ལྟོའི་བར་ན་ཡང་ཡོདཔ་ད་ སྐུ་དྲུང་ཚུ་ཡང་ དགེ་སློང་ཚུ་གི་གྲས་ལས་ སྒྲིག་ལམ་དང་ཉམས་མྱོང་ དེ་ལས་ ཤེས་རྟོགས་ལེགས་ཤོམ་ཡོད་མི་ གདམ་ཁ་རྐྱབ་ཐོག་ལས་ བསྐོ་བཞག་གནངམ་ཨིན་པས།

བ་འཇོ་བླམ་ ལྷ་ཀྲུ་གིས་ སླབ་མིའི་ནང་ སྐུ་དྲུང་གིས་ ལག་པར་བྱིན་ལྕག་ཟེར་ རྟས་ཐག་དང་སྤག་སྦྱིས་ དེ་ལས་ བོ་དྷི་དང་བ་སོའི་ཕྱེངམ་ཚུ་ རིགས་གསུམ་མགོན་པོའི་ བརྡ་མཚོན་ཨིན་མི་དེ་ཡང་ ཕྱེངམ་དེ་ སྤྱན་རས་གཟིགས་དང་ རྟས་ཐག་དེ་ ཕྱག་ན་རྡོ་རྗེ་ སྤག་སྦྱིས་དེ་ འཇམ་དཔལ་དབྱངས་ཀྱི་ བརྡ་མཚོན་ཨིནམ་ལས་ ནདཔ་ཚུ་གིས་ སྐུ་དྲུང་ཚུ་ལས་ བྱིན་རླབས་ཞུ་བ་ཅིན་ དྲག་ཚུགས་ཟེར་ སླབ་དོ་ཡོད་མི་དེ་ཡང་ དེ་ལུ་བརྟེན་ཨིན་ཟེར་ཨིན་པས།

སྐུ་བགྲེསཔ་རྣམ་རྒྱལ་གྱིས་ ཧེ་མ་ ཁོ་གི་སྐབས་ལུ་ གཞུང་གྲྭ་ཚང་གི་ སློབ་དཔོན་བཞི་ཡང་ སྐུ་དྲུང་ཚུ་ལུ་ གུས་ཞབས་འབད་དགོ་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

About admin

Check Also

ཏམ་ཁུའི་རིགས་ བཅད་དགོ་མནོ་མི་ཚུ་ལུ་ ཐབས་བྱུས་གསརཔ།

༉ འཕྲལ་ཁམས་ཅིག་ཁར་ འབྲུག་སྨྱོ་རྫས་དང་ སེམས་ཁམས་འཁྲུག་རྫས་དབང་འཛིན་གྱིས་ མོང་སྒར་ལུ་ཡོད་པའི་ ཆང་དང་ སྨྱོ་རྫས་ལྟེ་བ་ནང་ ཏམ་ཁུ་འཐུང་མི་དང་ ཏམ་ཁུའི་རིགས་ཟ་མི་ཚུ་ ཟས་ངན་གྱི་རིགས་ བཅད་ནིའི་ཐབས་ཤེས་གསརཔ་ གཞི་བཙུགས་འབད་ཡོདཔ་ཨིན་པས། དེ་ཡང་ ལྟེ་བ་གིས་ ཏམ་ཁུའི་རིགས་བཅད་འདོད་ཡོད་མི་ …

Leave a Reply

Your email address will not be published. Required fields are marked *