སྤ་རོ་གཡུ་ཏོག་བསམ་གྲུབ་ཆོས་གླིང་དགོན་འཛིན་གྲྭ་ཚང་གི་ དགེ་ཕྲུག་ཚུ་གིས་ ཨིང་སྐད་ཆོས་ཚན་ལྷབ་སྦྱང་འབད་ནི་ འགོ་བཙུགས་ཡོདཔ་ད་ གཡུ་ཏོག་དགོན་པ་དེ་ སྤྱི་ལོ་༢༠༡༡ ལུ་ ས་ཡོམ་ལུ་བརྟེན་ ཉམས་སྐྱོན་བྱུང་པའི་ཤུལ་ལས་ དགོན་པའི་བླམ་ ཚེ་དབང་དཔལ་འབྱོར་གྱིས་ འགོ་འདྲེན་ཐོག་ལུ་ སྤྱི་ལོ་༢༠༡༣ ལས་ ཉམས་གསོ་ཞུ་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅི་ དགོན་པ་དེ་ནང་ དགེ་འདུན་སློབ་གྲྭ་དེ་ དགོན་འཛིན་གྲྭ་ཚང་ལུ་ རྒྱ་བསྐྱེད་འབད་ཡོད་པའི་གནས་ཚུལ། པར་- པདྨ་གཡུ་སྒྲོན།

གྲྭ་ཚང་ཁག་ནང་ ཨིང་སྐད་སློབ་སྟོན་པ་༢༠༠ གསར་བཙུགས་འབད་ནི།

༉ ལས་གཡོག་ལྷན་ཁག་གིས་ རྩིས་ལོ་༢༠༡༧-༢༠༡༨ ལུ་ གྲྭ་ཚང་ལྷན་ཚོགས་འོག་གི་ སློབ་གྲྭ་དང་ བཤད་གྲྭ་ དེ་ལས་ གཙུག་སྡེ་ཁག་ལས་ཕར་ ཨིང་སྐད་ཀྱི་ སློབ་དཔོན་༢༠༠ དེ་ཅིག་ གསར་བཙུགས་འབད་ནི་ཨིན་པས།
ད་རེས་ནངས་པར་ རྒྱལ་ཁབ་ནང་ ན་གཞོན་ལཱ་གཡོག་ མ་ཐོབ་པའི་ དཀའ་ངལ་ཡོད་རུང་ གྲྭ་ཚང་ཚུ་ནང་ ཨིང་སྐད་ཀྱི་ སློབ་སྟོན་པ་འབད་ནི་ལུ་ དད་འདོད་བསྐྱེད་མི་ གངམ་མེདཔ་ཨིན་པས།
གྲྭ་ཚང་ཚུ་ནང་ ཨིང་སྐད་ཀྱི་ སློབ་སྟོན་པ་ བཙུགས་མི་དེ་ཡང་ ལས་གཡོག་ལྷན་ཁག་གིས་ རྩིས་ལོ་༢༠༡༧-༡༨ ནང་ ལཱ་གཡོག་ལས་འཆར་གྱི་ ལས་རིམ་ཆ་ཤས་ཅིག་ཨིནམ་མ་ཚད་ གྲྭ་ཚང་ཚུ་གིས་འབད་རུང་ ལྷན་ཁག་ལུ་ ཨིང་སྐད་ཀྱི་ སློབ་སྟོན་པ་དགོ་པའི་ གྲོས་འཆར་བཙུགས་མི་ལུ་བརྟེན་ཨིན་པས།
སྤྱི་ལོ་༢༠༡༤ འི་གནས་སྡུད་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ གྲྭ་ཚང་དང་ སློབ་གྲྭ་ གཙུག་སྡེ་ དེ་ལས་ བཤད་གྲྭ་བརྩིས་ཏེ་ ཆོས་སྡེ་༣༠༠ ཡོདཔ་ད་ འདས་པའི་རྩིས་ལོ་ནང་ ལཱ་གཡོག་ལས་ཁུངས་ལུ་ གྲྭ་ཚང་༢༢ ཀྱིས་ ཨིང་སྐད་སློབ་དཔོན་གྱི་དོན་ལུ་ གྲོས་འཆར་བཙུགས་མི་ལས་ གྲྭ་ཚང་༡༤ གིས་ ཨིང་སྐད་ཀྱི་ སློབ་དཔོན་ཚུ་ གསར་བཙུགས་འབད་ཡོདཔ་མ་ཚད་ གྲྭ་ཚང་༨ ནང་ ཨིང་སྐད་ཀྱི་ སློབ་སྟོན་འབད་ནི་སྦེ་ ཞུ་ཡིག་བཙུགས་མི་མེདཔ་ལས་ ད་ལྟོ་ ས་སྟོང་སྦེ་ ལུས་ཏེ་འདུག།
ཨིན་རུང་ ལཱ་གཡོག་འགོ་དཔོན་ཚུ་གིས་ བཤད་མིའི་ནང་ ལཱ་གཡོག་འཚོལ་མི་ཚུ་གི་ དང་འདོད་དང་ ས་སྟོང་དང་འཁྲིལ་ཏེ་ གསར་བཙུགས་འབད་འོང་ཟེར་ཨིན་པས།


ཨིང་སྐད་ཀྱི་ སློབ་སྟོན་པ་ཚུ་ཡང་ ལོ་༢ ཀྱི་དོན་ལུ་ ཁག་འབག་ཐོག་ལུ་ ཨིང་སྐད་ཀྱི་ སྐུགས་མངམ་ཐོབ་མི་ཚུ་ གསར་བཙུགས་འབད་ནི་ཨིནམ་ད་ ཁོང་ལུ་ ཟླ་རིམ་དངུལ་ཕོགས་ཚུ་ཡང་ ལཱ་གཡོག་གི་ འཆར་དངུལ་དེ་ནང་ལས་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ཚུ་ལུ་ དངུལ་ཀྲམ་༡༢,༠༠༠ དང་ མཐོ་རིམ་ཤེས་ཚད་འཆང་མི་ལུ་ དངུལ་ཀྲམ་༡༥,༠༠༠ དེ་རེ་ ལྷན་ཁག་གི་ ཁ་ཐུག་ལས་ ལོ་༢ ཀྱི་རིང་ལུ་ བྱིན་ནི་ཨིན་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་རེས་ནངས་པར་ རྒྱལ་ཁབ་ཀྱི་ འགྱུར་བ་དང་བསྟུན་ ཨིང་སྐད་དང་ རྫོང་ཁ་ཟུང་འབྲེལ་སྦེ་ དགོ་མི་ལུ་བརྟེན་ གྲྭ་ཚང་ལྷན་ཚོགས་ཀྱིས་འབད་རུང་ ཨིང་སྐད་སློབ་སྟོན་འབད་ནི་ལུ་ རྩ་གཞུང་ཚུ་ཡང་བརྩམས་ཏེ་ ཡོདཔ་ཨིན་པས།
གྲྭ་ཚང་ལ་ལོ་ཅིག་ནང་ ཁོང་ར་གིས་ ཕྱི་རྒྱལ་ལས་ ཨིང་སྐད་ཀྱི་ སློབ་སྟོན་པ་ཚུ་ བཙུགས་ཏེ་ཡོདཔ་ཨིན་པས།
འགོ་དཔོན་ཚུ་གིས་ འཆི་མེད་རིག་འཛིན་གྱིས་ སླབ་མིའི་ནང་ གྲྭ་ཚང་ཚུ་ལས་ ཨིང་སྐད་ཀྱི་ སློབ་སྟོན་པ་དགོ་པའི་ གྲོས་འཆར་ལྷོད་ཡོདཔ་བཞིན་དུ་ སློབ་སྟོན་པ་ཚུ་ཡང་ སྤྱི་ཟླ་༣ པའི་ནང་ གསར་བཙུགས་འབད་ཡོདཔ་ད་ གྲྭ་ཚུ་ནང་ ཨིང་སྐད་སློབ་སྟོན་པ་ཚུ་གིས་ རང་སོའི་འཛིན་རིམ་དང་འཁྲིལ་ཏེ་ སློབ་སྟོན་འབདཝ་མ་ཚད་ དགེ་སློང་ཚུ་གིས་འབད་རུང་ དང་འདོད་ལེགས་ཤོམ་སྦེ་ བསྐྱེདཔ་མས་ཟེར་ཨིན་པས།
ལས་ཁུངས་ཀྱིས་ གྲྭ་ཚང་ཚུ་ནང་ སློབ་སྟོན་པ་ཚུ་ ག་དེམ་ཅིག་ དགོཔ་ཨིན་ནའི་ གནས་སྡུད་ཚུ་ བསྡུ་ལེན་འབད་བའི་བསྒང་ཡོདཔ་ལས་ ད་ལྟོ་ སློབ་སྟོན་པ་ཚུ་གི་ ས་སྟོང་གསལ་བསྒྲགས་མ་འབད་བར་ཡོདཔ་ཨིན་པས།
འཕྲལ་ཁམས་ཅིག་ཁར་ བཀྲིས་གཡང་རྩེ་རབ་སྡེ་དང་ ལྷུན་རྩེ་ བསམ་གྲུབ་ལྗོངས་མཁར་ ཕ་ཇོ་སྡིངས་དགེ་འདུན་སློབ་གྲྭ་ དེ་ལས་ སྤུ་ན་ཁ་ནོར་བུ་སྒང་གི་ སློབ་གྲྭ་ཚུ་ནང་ལས་ ཨིང་སྐད་ཀྱི་ སློབ་དཔོན་དགོ་པའི་ གྲོས་འཆར་ལྷོད་རུང་ སློབ་སྟོན་པ་ཕུད་རྡོག་གཅིག་ལས་བརྒལ་ ཐོབ་མ་ཚུགས་པར་ཡོད་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ནངས་པ་ རྒྱལ་ཁབ་ནང་ ལཱ་གཡོག་ལེ་ཤ་ཡོད་རུང་ ལཱ་གཡོག་གདམ་ཁ་རྐྱབ་ཐོག་ལས་ འཛུལ་ཞུགས་འབད་མི་ལུ་བརྟེན་ ལྷན་ཁག་ནང་ གདོང་ལེན་བྱུང་སྟེ་ཡོད་པའི་ཁར་ ན་གཞོན་ཚུ་གིས་ ཁྲོམ་ཁ་ལས་ གྲོང་གསེབ་ཚུ་ནང་ ལཱ་འབད་བར་ འགྱོ་མི་བཏུབ་པས་ཟེར་ཨིན་པའི་གནས་ཚུལ།

ཨོ་རྒྱན་རྡོ་རྗེ།

About admin

Check Also

ཆུ་ཁ་རྫོང་ཁག་གི་ འདེམས་ངོ་ཚུ་གིས་ ཁྲིམས་ལུགས་དང་ སྲིད་བྱུས་ཚུ་ བསྐྱར་ཞིབ་འབད་ནི་ལུ་ གཙོ་བོར་བཏོན་ཡོདཔ།

༉ ཆུ་ཁ་རྫོང་ཁག་གི་ རྒྱལ་ཡོངས་ཚོགས་སྡེའི་འདེམས་ངོ་སྦེ་ དོ་འགྲན་འབད་མི་ འདེམས་ངོ་༤ པོ་ཆ་ར་གིས་ རྒྱལ་ཁབ་ཀྱི་ ཁྲིམས་ལུགས་དང་ སྲིད་བྱུས་ སྒྲིག་གཞི་ཚུ་ རྒྱལ་ཁབ་དང་མི་སེར་ལུ་ དགོས་མཁོ་ཡོད་མེད་དང་ ཕན་ཐོགས་ཡོད་མེད་ཀྱི་ ཞིབ་དཔྱད་འབད་ཞིནམ་ལས་ བསྐྱར་ཞིབ་འབད་ནི་ལུ་ …

Leave a Reply

Your email address will not be published. Required fields are marked *