རྒྱལ་ཁབ་ནང་ ལོག་ལྷོད་པའི་ཤུལ་ལུ་ ཇོ་བདག་འཆི་མེད་རིག་འཛིན་ལས་ དངུལ་ཀྲམ་ས་ཡ་༡.༣ ལོག་ལེན་ནིའི་དོན་ལུ་ ཨུ་ཚུགས་བསྐྱེད་མི་ སློབ་ཕྲུག་༥ །

གྲོས་སྟོན་ལས་སྡེ་ཅིག་གིས་ འབྲུག་པའི་སློབ་ཕྲུག་༢༣ ལུ་ མགུ་སྐོར་རྐྱབ་ཡོདཔ།

༉ ན་ཧིང་ སློབ་རིམ་༡༢ པ་མཐར་འཁྱོལ་མི་ སློབ་ཕྲུག་༢༣ གྱིས་ མཐོ་རིམ་ཤེས་ཡོན་སྦྱང་ནི་གི་ རེ་བ་བསྐྱེད་དེ་ ཕམ་ཚུ་དང་ གྲོས་བསྟུན་ཐོག་ དངུལ་ཁང་ལས་ བསྐྱིན་འགྲུལ་ལེན་པའི་ཤུལ་ལས་ མ་ལ་ཤི་ཡ་ལུ་ འགྱོ་ནི་སྦེ་ ཐག་བཅད་ཡོདཔ་ཨིན་པས།

ཁོང་གིས་ ཕྱི་རྒྱལ་ཤེས་ཡོན་གྲོས་སྟོན་པ་དེ་ཡང་ ཐིམ་ཕུག་ལྕང་ཟམ་ཏོག་ལུ་ཡོད་མི་ གྲུབ་ཐོབ་ཤེས་རིག་གྲོས་སྟོན་དང་ གཡོག་གནས་ཚོང་སྡེ་ཟེར་མི་ གདམ་ཁ་རྐྱབ་སྟེ་ མ་ལ་ཤི་ཡའི་རྒྱལ་ས་ ཀོ་ལ་ལམ་པུར་ལུ་ བིག་ཊོ་རི་ཡ་ རྒྱལ་སྤྱི་མཐོ་རིམ་སློབ་གྲྭའི་ནང་ མགྲོན་སྐྱོང་འཛིན་སྐྱོང་གི་ མཐོ་རིམ་ཤེས་ཡོན་སྦྱང་ནིའི་དོན་ལུ་ སློབ་ཕྲུག་རེ་རེ་གིས་ རང་སོའི་སློབ་སྦྱོང་གི་ གདམ་ཁ་དང་འཁྲིལ་ སྤྱི་ལོ་༢༠༡༦ ཟླ་༧ པ་དང་༨ པའི་བར་ན་ སློབ་འཐུས་དངུལ་ཀྲམ་༢༥༠,༠༠༠ དང་༢༨༠,༠༠༠ རེ་ སྤྲོད་ཡོདཔ་ཨིན་པས།
དེ་འབདཝ་ད་ སློབ་འཐུས་ཚུ་ གྲུབ་ཐོབ་གྲོས་སྟོན་ལས་སྡེ་ལུ་སྤྲོད་དེ་ ཟླཝ་ལང་སོ་རུང་ སློབ་ཕྲུག་ཚུ་གི་ རེ་འདོད་འགྲུབ་ནིའི་ཚབ་ལུ་ བུ་ལོན་འོག་ལུ་དང་ དཀའ་སྡུག་ཅན་གྱི་ གནས་སྟངས་ནང་ ཚུད་ཡོདཔ་མ་ཚད་ ཤེས་ཡོན་སྦྱང་ནི་གི་ སློབ་ཡུན་ཡང་ ལོ་༡ བར་སྟོར་ཡར་སོ་ནུག།
ག་འཆརཔ་ཟེར་བ་ཅིན་ སློབ་ཕྲུག་ཚུ་ གྲུབ་ཐོབ་གྲོས་སྟོན་ལས་སྡེའི་ མགུ་སྐོར་འོག་ལུ་ ཚུད་སོཔ་ལས་ མཐོ་རིམ་ཤེས་ཚད་སྦྱང་མ་མ་ཚུགས་པའི་ཁར་ སློབ་ཕྲུག་༢༣ ལས་༥ རྒྱལ་ཁབ་ནང་ ལོག་འོང་དགོཔ་ བྱུང་ཡོདཔ་མ་ཚད་ མ་ལ་ཤི་ཡ་ལུ་ ཨམ་སྲུ་༧ བརྩིས་ཏེ་ སློབ་ཕྲུག་༡༨ ཁོང་རའི་ སྐྱོད་ཐམ་གྱི་ དུས་ཚོད་རྫོགས་སོཔ་ལས་ ག་ཅི་འབད་ནི་ཨིན་ན་ཡང་ མ་ཤེས་པར་ ནང་དོག་སྟེ་ སྡོད་ཡོད་པའི་སྐོར་ ཀུན་གསལ་ལུ་ ཤེས་རྟོགས་བྱུང་ཡི།
སློབ་ཕྲུག་༥ གིས་ ཏི་རུ་ལོག་འཐོབ་ནིའི་དོན་ལུ་གདོང་ལེན།
ད་རེས་ རྒྱལ་ཁབ་ནང་ཡོད་མི་ སློབ་ཕྲུག་༥ གིས་ གྲོས་སྟོན་ལས་སྡེ་ལས་ ཁོང་གི་སློབ་འཐུས་ ལོག་ལེན་ནིའི་དོན་ལུ་ ཁྲིམས་འདུན་དང་ ཁྲིམས་སྲུང་འགག་པ་ལས་ ཆ་རོགས་མཛད་གནང་དགོ་པའི་ ཞུ་བ་ཕུལ་ཡོད་རུང་ མཐར་འཁྱོལ་བྱུང་མ་ཚུགས་པས།
དེ་ཡང་ གྲོས་སྟོན་ལས་སྡེའི་ཇོ་བདག་ འཆི་མེད་རིག་འཛིན་གྱིས་ ཁ་ཚིག་དང་འཁྲིལ་ ཏི་རུ་ལོག་སྤྲོད་མ་བཏུབ་པའི་ཁར་ གར་སོང་མེད་པར་ ཡར་སོཔ་ལས་ སློབ་ཕྲུག་༥ གིས་ སྤྱི་ཟླ་༦ པའི་ཚེས་༨ ལུ་ ཐིམ་ཕུག་རྫོང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་བཙུགས་ཏེ་ ཇོ་བདག་མོ་ར་ ཁྲིམས་ཞབས་སར་འབོ་གནང་སྟེ་ མོ་ལས་ དངུལ་ཀྲམ་ས་ཡ་༡.༣༦༠ ལེན་གནང་དགོ་པའི་ ཞུ་བ་ཕུལ་ནུག།
ཨིན་རུང་ ཁོང་གིས་ རྩོད་བཤེར་འབད་ནིའི་དོན་ལུ་ རྩོད་ཟླ་ག་ཏེ་ཡོདཔ་ཨིན་ན་ ཤེས་རྟོགས་མེད་པ་ཅིན་ བཤེར་ཡིག་བཙུགས་རུང་ ཁུངས་མི་འོང་ནི་ཨིནམ་ལས་ ད་ལྟོ་སྐབས་ཅིག་ རྩོད་གཞི་ཐོ་བཀོད་འབད་ནི་གི་ འོས་འབབ་མིན་འདུག་ཟེར་སླབ་སྟེ་ ཁྲིམས་འདུན་ལས་ ངོས་ལེན་འབད་མ་བཏུབ་ཟེར་ སློབ་ཕྲུག་༥ གི་གྲས་ལས་ སྐྱེས་ལོ་༢༤ ལང་མི་ རྡོ་ལེགས་ཚེ་རིང་གིས་ བཤདཔ་ཨིན་པས།
ཇོ་བདག་འཆི་མེད་རིག་འཛིན་དེ་ གར་སོང་མེད་པར་ བྱང་དཔ་ལས་ ང་བཅས་ག་ཅི་འབད་ནི་ཨིན་ན་ཡང་ མ་ཤེས་པར་ ནང་དོག་སྟེ་ཡོད་ཟེར་ སློབ་ཕྲུག་གཞན་ ལྷམ་བསྟན་འཛིན་གྱི་ ཨ་ཞང་གིས་ ཀུན་གསལ་ལུ་ བཤད་པའི་ཁར་ གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་ལུ་ སྙན་ཞུ་འབདཝ་ད་ ཁྲོམ་སྡེའི་ཁྲིམས་སྲུང་འགག་སྡེ་ལུ་ ཞིབ་དཔྱད་འབད་ནིའི་ འོས་འབབ་ཡོད་མེད་ བལྟ་དགོ་པའི་ བཀའ་གནང་ཡི་ཟེར་ བཤདཔ་ཨིན་པས།
ཁྲོམ་སྡེའི་ཁྲིམས་སྲུང་འགག་པ་གིས་ ཤེས་རིག་ལྷན་ཁག་དང་གཅིག་ཁར་ རྗེས་དཔྱད་འབད་དགོཔ་སྦེ་ སླབ་མི་དང་བསྟུན་ སྤྱི་ཟླ་༤ པའི་ཚེས་༦ ལུ་ སློབ་ཕྲུག་༥ གི་ཕམ་དང་ ཉེ་ཚན་ཚུ་གིས་ འཆི་མེད་རིག་འཛིན་དང་གཅིག་ཁར་ ནང་གན་༣ པ་བཟོ་ཡོད་མི་དེ་ནང་ གྲོས་སྟོན་ལས་སྡེ་གིས་ སྤྱི་ཟླ་༥ པའི་ཚེས་༣༡ ལུ་ ཏི་རུ་ཡོངས་རྫོགས་སྦེ་ ལོག་སྤྲོད་ནི་སྦེ་ ཁས་ལེན་འབད་བའི་ཤུལ་ལས་ མོ་ར་ གར་སོང་མེད་པར་ བྱང་ཡོདཔ་ཨིན་པས།
ནང་གན་བཟོཝ་ད་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ ངོ་ཚབ་སྦེ་ སྤུས་ཚད་ལྟ་རྟོག་དང་ ངོས་འཛིན་སྡེ་ཚན་གྱི་ འགོ་དཔོན་ཚུ་ དཔང་པོ་སྦེ་ མིང་རྟགས་བཀོད་ནུག།
དེ་ལས་ཚུར་ ང་བཅས་ཀྱིས་ མོ་འཚོལཝ་འཚོལ་ས་ར་ཡོད་ཟེར་ སློབ་ཕྲུག་༡ གི་ ཉེ་ཚན་ཅིག་གིས་ བཤད་པའི་ཁར་ སློབ་ཕྲུག་ཚུ་ མ་ལ་ཤི་ཡ་ལུ་བཏང་མིའི་ནང་ འབྲེལ་འཛིན་ཧྲིལ་བུ་ཡོད་མི་ ལས་སྡེའི་འཛིན་སྐྱོང་མདོ་ཆེན་ ཀུན་ལེགས་ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ འཆི་མེད་རིག་འཛིན་དེ་ རྒྱ་གར་ཀཱོལ་ཀ་ཊ་ལུ་ཡོདཔ་སྦེ་ སླབ་དོ་ཡོད་རུང་ མོ་ སྤ་རོ་ལུ་འདུག་ཟེར་བའི་ ལོ་རྒྱུས་གོ་ཡི་ཟེར་ ཁོ་གིས་ བཤདཔ་ཨིན་པས།
སློབ་ཕྲུག་ཚུ་གི་དཀའ་སྡུག།
མ་གཞི་ འཆི་མེད་རིག་འཛིན་གྱིས་ སློབ་ཕྲུག་ཚུ་ལས་ སློབ་འཐུས་དང་ སློབ་ཕྲུག་གི་ སྐྱོད་འཐུས་ཚུ་ ན་ཧིང་ སྤྱི་ཟླ་༦ པ་ལས་ལེན་ནི་ འགོ་བཙུགས་ཡོདཔ་ལས་ སྤྱི་ཟླ་༡༠ པ་༡༡ པའི་ནང་ སློབ་ཕྲུག་ཚུ་ མ་ལ་ཤི་ཡ་ལུ་ གཏང་དགོཔ་ཨིན་རུང་ བཏང་མ་ཚུགསཔ་ལས་ སྤྱི་ཟླ་༡༢ པའི་ཚེས་༡༣ ལུ་ རྩ་ཕན་ཚུ་གི་བར་ན་ གན་ཡིག་བཟོ་ནུག།
གན་ཡིག་དང་འཁྲིལ་ སློབ་ཕྲུག་༢༣ གྱི་ མ་ལ་ཤི་ཡའི་ སྐྱོད་ཐམ་བཟོ་ནིའི་དོན་ལས་ སྤྱི་ཟླ་༡༢ པའི་ཚེས་༢༢ ལུ་ འཆི་མེད་རིག་འཛིན་དང་ ཀུན་ལེགས་དབང་ཕྱུག་རྡོ་རྗེ་༢ ཀྱིས་ སློབ་ཕྲུག་ཚུ་ཁྱིད་དེ་ ནིའུ་ལྡི་ལི་ལུ་ འཕུར་འགྲུལ་འབད་ཡོདཔ་ད་ རྡོ་ལེགས་ཚེ་རིང་གིས་འབད་བ་ཅིན་ ཇོ་བདག་གིས་ ཁོང་ལུ་ སློབ་ཕྲུག་གི་ སྐྱོད་ཐམ་བཟོཝ་ད་ ཉིན་གྲངས་༥ ལས་བརྒལ་ མི་འགོར་ཟེར་ སླབ་ཡོད་རུང་ ཉིན་གྲངས་༩ འགོར་སོ་ཡི་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོང་གི་ལམ་ཡིག་ཚུ་ ཇོ་བདག་དང་ འཛིན་སྐྱོང་མདོ་ཆེན་གྱིས་ འབག་ཡོདཔ་ལས་ གནམ་ཐང་ནང་ ཕྱི་མི་ནང་སྐྱོད་ཀྱི་ བྱ་རིམ་ཚུ་ག་ར་ ཁོང་༢ ཀྱིས་འབད་ཡོདཔ་ལས་ ཁོང་གི་སེམས་ཁར་ སློབ་ཕྲུག་གི་ སྐྱོད་ཐམ་ཐོག་ལུ་ མ་ལ་ཤི་ཡ་ལུ་ འཕུར་འགྲུལ་འབདཝ་ཨིན་སྦེ་ར་ མནོ་སྡོད་ཅི་ཟེར་ཨིན་པས།
སློབ་ཕྲུག་ཚུ་ མ་ལ་ཤི་ཡ་ལུ་ལྷོད་དེ་ ཟླཝ་ལངམ་ད་ སྐྱོད་ཐམ་གྱི་ དུས་ཚོད་རྫོགསཔ་ད་རྐྱངམ་གཅིག་ ལྟ་བཤལ་པའི་ སྐྱོད་ཐམ་ཨིནམ་ ཤེས་རྟོགས་བྱུང་ཡོདཔ་ད་ དེ་བསྒང་ འཆི་མེད་རིག་འཛིན་གྱིས་ ཁོང་ཆ་ཁྱབ་ སློབ་ཕྲུག་གི་ སྐྱོད་ཐམ་བཟོ་བར་ ནིའུ་ལྡི་ལི་ལུ་ ལོག་འོང་དགོཔ་སྦེ་ སླབ་པའི་ཁར་ དེ་གི་དོན་ལུ་ ཉིན་གྲངས་༥ མ་གཏོགས་ མི་འགོར་ནི་ཨིནམ་ལས་ རང་སོའི་ཅ་ཆས་ཚུ་ མ་ལ་ཤི་ཡ་ལུ་ར་བཞག་ཟེར་ སློབ་ཡོདཔ་ཨིན་པས།
དེ་ལས་ ང་བཅས་སློབ་ཕྲུག་ཚུ་ དུས་ཅི་ སྤྱི་ཟླ་༢ པའི་བདུན་ཕྲག་དང་པའི་ནང་ མ་ལ་ཤི་ཡ་ལས་ ལྡི་ལི་ལུ་ འཕུར་འགྲུལ་འབད་དེ་ དུས་ཡུན་ཟླ་ངོ་༢ དེ་ཅིག་བསྒུགས་རུང་ སློབ་ཕྲུག་གི་ སྐྱོད་ཐམ་ཐོབ་མ་ཚུགས་ཟེར་ རྡོ་ལེགས་ཚེ་རིང་གིས་ བཤད་པའི་ཁར་ ཁོང་ཆ་ཁྱབ་ ལྡི་ལི་ཁྲོམ་གྱི་ ཟ་ཁང་ཅིག་ནང་ ཞག་རེ་ལུ་ རུ་པི་༡༠༠༠ རེ་སྤྲོད་དེ་ བཞག་ཡོདཔ་ད་ ཇོ་བདག་གིས་ རུ་པི་༥༥༠ དང་ ཁོང་གི་ཁ་ཐུག་ལས་ རུ་པི་༤༥༠ རེ་སྤྲོད་ཅི་ཟེར་ སླབ་ཨིན་པས།
དེ་འབདཝ་ད་ སློབ་ཕྲུག་ཚུ་ལུ་ འདི་བཟུམ་མའི་ དཀའ་ངལ་བྱུང་སྟེ་ཡོདཔ་ སྤྱི་ཟླ་༣ པའི་བདུན་ཕྲག་༢ པའི་ནང་རྐྱངམ་གཅིག་ ཕམ་ཚུ་གིས་ ཧ་གོ་ཡོདཔ་ལས་ དེ་འཕྲོ་ལས་ ལས་སྡེའི་ཡིག་ཚང་ནང་སོང་སྟེ་ གན་ཡིག་༢ པ་བཟོ་ཡོདཔ་ད་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་བཟོ་མི་ ནང་གན་དེ་ནང་ འཆི་མེད་རིག་འཛིན་གྱིས་ སློབ་ཕྲུག་ཚུ་ སྤྱི་ཚེས་༣༠ གི་ནང་འཁོད་ལུ་ སློབ་ཕྲུག་གི་ སྐྱོད་ཐམ་ཐོག་ མ་ལ་ཤི་ཡ་ལུ་ ག་དེ་སྦེ་ར་ཨིན་རུང་ གཏང་ཚུགསཔ་འབད་ནི་ཨིན་ཟེར་བཀོད་ནུག།
གལ་སྲིད་ སློབ་ཕྲུག་ཚུ་ ཚེས་གྲངས་གསལ་བཀོད་འབད་མིའི་ནང་ གཏང་མ་ཚུགས་པ་ཅིན་ ཕམ་ཚུ་གིས་བཙུགས་མི་ ཏི་རུ་ཚུ་ སྐྱེད་དང་སྦྲགས་ ལོག་བྱིན་ནི་དང་ སློབ་ཕྲུག་ཚུ་ཡང་ ཉེན་སྲུང་ཐོག་ རྒྱལ་ཁབ་ནང་ ལོག་ཁྱིད་བསྐྱལ་ནི་སྦེ་ མོ་གིས་ ཁས་ལེན་འབད་ནུག།
དེ་མ་ཚད་ ལས་སྡེ་གིས་ སྤྱི་ཟླ་༣ པའི་ཟད་སོང་གི་དོན་ལུ་ སློབ་ཕྲུག་རེ་ལུ་ ཡུ་ཨེསི་ཌོ་ལར་༣༠༠ རེ་དང་ སྤྱི་ཟླ་༢ པའི་ཐད་ལུ་སློབ་འཐུས་ལས་ བདེ་སྒྲིག་འབད་ནི་སྦེ་ ཁ་བཟེད་ནུག།
དེ་འབདཝ་ད་ ལྡི་ལི་ལུ་ སློབ་ཕྲུག་ཚུ་གིས་ སྐྱོད་ཐམ་ཐོབ་མ་ཚུགསཔ་ལས་ སྤྱི་ཟླ་༤ པའི་ཚེས་༡ ལུ་ རེ་ལི་ནང་སྦེ་ ཀཱོལ་ཀ་ཊ་ལུ་ འོང་ཡོདཔ་ད་ སློབ་ཕྲུག་༢༣ ལས་༥ དེ་གི་ནངས་པར་ འབྲུག་ལུ་ ལོག་འོང་ཡོདཔ་ད་ སློབ་ཕྲུག་གཞན་ཚུ་ ཀཱོལ་ཀ་ཊ་ལུ་ བདུན་ཕྲག་༢ དེ་ཅིག་ བསྒུགས་པའི་ཤུལ་ལས་ ཟླ་ངོ་༡ གི་དོན་ལུ་ དམིགས་བསལ་གྱི་ སྐྱོད་ཐམ་ཐོབ་སྟེ་ མ་ལ་ཤི་ཡ་ལུ་ ལོག་སོང་ནུག།
མ་ལ་ཤི་ཡ་ལུ་ སློབ་ཕྲུག་ཚུ་གི་གནས་སྟངས།
རྒྱལ་ཁབ་ནང་ ལོག་འོང་མི་ སློབ་ཕྲུག་ཚུ་གིས་ ཉོགས་བཤད་བཀོད་མི་དང་འཁྲིལ་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱི་ ལས་རིམ་གཙོ་འཛིན་འགོ་དཔོན་ ཨེན་བི་རའི་ཀ་དེ་ མ་ལ་ཤི་ཡ་ལུ་ སློབ་ཕྲུག་༡༨ ཀྱི་ གནས་སྟངས་བལྟ་བར་ སོང་ཡོདཔ་ད་ ཁོ་གིས་ སློབ་ཕྲུག་༧ དང་ ཕྱད་ཚུགས་ཡོདཔ་བཞིན་དུ་ དེ་བསྒང་ སློབ་ཕྲུག་༥ ལཱ་གཡོག་ག་ནི་ཡང་མེད་པར་ ཁང་མིག་ནང་ དེ་སྦེ་ར་ སྡོད་ནུག་ཟེར་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་ཕྲུག་༡༣ གྱིས་ གནས་སྐབས་ཀྱི་ ལཱ་ཐོབ་ཡོད་རུང་ ཁོང་གི་ དམིགས་བསལ་སྐྱོད་ཐམ་གྱི་ དུས་ཡུན་དེ་ སྤྱི་ཟླ་༦ པའི་ཚེས་༧ ལུ་ རྫོགས་ཡོདཔ་ལས་ ཚ་གྱང་ལང་སྡོད་ནུག་ཟེར་ཨིནམ་ད་ ཁོ་གིས་ སློབ་ཕྲུག་༧ དང་ཕྱད་མི་ལས་༦ གིས་ ཉེན་སྲུང་གི་ ཚ་གྱང་ལུ་བརྟེན་ རྒྱལ་ཁབ་ནང་ ལོག་འོང་ནི་སྦེ་ སླབ་དེས་ཟེར་ཨིན་པས།
ཨེན་བི་རའི་ཀ་གིས་ སློབ་ཕྲུག་ཚུ་ འབྲུག་ལུ་ ག་དེ་མགྱོགས་མགྱོགས་ ལོག་འོང་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ མ་ལ་ཤི་ཡ་ལུ་ ལོག་འོང་རུང་ སློབ་ཕྲུག་གི་ སྐྱོད་ཐམ་བཟོ་དགོཔ་སྦེ་ སླབ་ཡོད་རུང་ ད་ཚུན་གྱི་བར་ན་ ལོ་རྒྱུས་ག་ནི་ཡང་ མ་གོ་ཟེར་ཨིན་པས།
སློབ་ཕྲུག་༡༨ ཀྱི་གྲས་ལས་༧ བུམོ་ཨིནམ་བཞིན་དུ་ བུམོ་༡ གིས་ མི་སྡེ་བརྡ་བརྒྱུད་ ཝི་ཅཱཊ་བཟའ་ཚང་སྡེ་ཚན་ནང་ ཁོང་ལུ་ སྡོད་ས་དང་ ཉལ་ས་ཟེར་ བརྟན་ཏོག་ཏོ་མེདཔ་མ་ཚད་ བཞེས་སྒོ་ཡང་ མ་ཟ་བར་ སྡོད་དགོཔ་ལས་ དཀའ་སྡུག་སྦོམ་མྱོང་སྟེ་ཡོདཔ་ལས་ མཐའན་མཇུག་ལུ་ དོ་དམ་འོག་ལུ་སྡོད་དགོཔ་ མ་འཐོན་ག་ཟེར་ ཚ་གྱང་ལངམ་མས་ཟེར་བཀོད་ནུག།
གྲུབ་ཐོབ་ཤེས་རིག་གྲོས་སྟོན་ལས་སྡེ་གིས་ སློབ་ཕྲུག་༢༣ རྐྱངམ་གཅིག་ལུ་མེན་པར་ འབྲུག་མི་ཨམ་སྲུ་གཞན་༥ ཡང་ ཡུ་ནའི་ཊེཊ་ ཨ་རབ་ ཨི་མི་རེཊསི་དང་ ཨོ་མཱན་རྒྱལ་ཁབ་ནང་གཡོགམོ་སྦེ་ ཚུལ་མིན་ཐོག་ལས་ བཏང་ཡོདཔ་ད་ ཨམ་སྲུ་དེ་ཚུ་ལུ་ དཀའ་སྡུག་མྱོང་མི་ལུ་བརྟེན་ ཨམ་སྲུ་༡ རྒྱལ་ཁབ་ནང་ ལོག་ལྷོད་ཡོདཔ་མ་ཚད་ གཞན་༤ ཀུ་ཝེཊ་ལུ་ཡོད་མི་ འབྲུག་གི་གཞུང་ཚབ་ལས་ཁང་གིས་ རྒྱལ་ཁབ་ནང་ གཏང་ནིའི་དོན་ལུ་ རྒྱབ་སྐྱོར་དང་ ཆ་རོགས་འབད་བའི་བསྒང་ཡོདཔ་ཨིན་པས།
བློན་ཆེན་ཚེ་རིང་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ གཞུང་གིས་ འདི་བཟུམ་མའི་ ཚུལ་མིན་འཐབ་མི་ ལས་སྡེ་དག་པ་ཅིག་གི་ ཆོག་ཐམ་ ཆ་མེད་བཏང་ཡོདཔ་མ་ཚད་ མགུ་སྐོར་རྐྱབ་མི་ ལས་སྡེ་ཚུ་ལུ་ ཁྲིམས་ཀྱི་དང་ལེན་ སྒྲིང་སྒྲི་འབད་ནི་ཟེར་ཨིན་པས།
ཁ་ཙ་ལས་ ན་ལོན་དང་ ཆེ་རིམ་ཤེས་ཡོན་ལས་ཁུངས་ཀྱིས་ གྲུབ་ཐོབ་ཤེས་རིག་གྲོས་སྟོན་དང་ གཡོག་གནས་ཚོང་སྡེའི་ ཆོག་ཐམ་དེ་ གནས་སྐབས་ཅིག་ མཚམས་འཇོག་འབད་ཡོད་པའི་ གསལ་བསྒྲགས་འབད་ནུག།
ད་རེས་ནངས་པར་ རྒྱལ་ཁབ་ནང་ ཤེས་རིག་གྲོས་སྟོན་ལས་སྡེ་༣༦ ཡོདཔ་ཨིན་པའི་གནས་ཚུལ།

རིག་འཛིན་དབང་ཕྱུག།

About admin

Check Also

རྒྱལ་ཁབ་ནང་ དཔུང་ཤུགས་འགྲན་བསྡུར་ཐེངས་༡ པ་ འགོ་འདྲེན་འཐབ་ཡོདཔ།

༉ ཆུ་ཁ་རྫོང་ཁག་ལས་ སྐྱེས་ལོ་༣༨ ལང་མི་ ལྷཔ་ཅུ་གིས་ ལག་པའི་དཔུང་ཤུགས་འགྲན་བསྡུར་ འགོ་འདྲེན་འཐབ་མིའི་ནང་ལས་ ཨང་དང་པ་ ཐོན་ཡོདཔ་ཨིན་པས། ཁོ་གིས་ མཐའ་བཅད་འགྲན་བསྡུར་དང་ མོང་སྒར་ལས་ སྐྱེས་ལོ་༢༩ ལང་མི་ པདྨ་དབང་འདུས་དང་གཅིག་ཁར་ …

Leave a Reply

Your email address will not be published. Required fields are marked *