གྲོས་འཛོམས་ཐོག་ལས་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ གོང་འཕེལ་གཏང་ནི།

༉ འབྲུག་དང་ རྒྱ་གར་རྒྱལ་ཁབ་༢ ཀྱི་བར་ན་ རྒྱལ་རབས་དང་སྔོན་བྱུང་གི་ ལམ་སྲོལ་ལེ་ཤ་ཡོད་པའི་གྲས་ལས་ མཐུན་འབྲེལ་ངོ་མ་གནས་ཚུགས་པའི་ གཞི་རྩ་གཅིགཔོ་དེ་ ནང་པའི་ཆོས་ཨིནམ་ད་ དེའི་སྐོར་ལས་ ད་རེས་ ཐིམ་ཕུག་ལུ་སྦེ་ འཚོགས་པའི་བསྒང་ཡོད་མི་ གསང་སྔགས་རྡོ་རྗེ་ཐེག་པའི་ གྲོས་འཛོམས་ནང་ གསུང་གྲོས་བྱུངམ་ཨིན་པས།
དཔལ་འབྲུག་ཞིབ་འཇུག་ལྟེ་བ་དང་ གཞུང་གྲྭ་ཚང་ལྟེ་བ་གིས་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་མི་ ཞལ་འཛོམས་དེ་ནང་ སྤྱིར་བཏང་འཛམ་གླིང་རྒྱལ་ཁབ་ནང་ དམིགས་བསལ་དུ་ ཧི་མ་ལ་ཡ་ལུང་ཕྱོགས་ཀྱི་ རྒྱལ་ཁབ་ཚུ་ལས་ ནང་པའི་བླ་སློབ་དང་མཁས་དབང་ཚུ་འཛོམས་ཐོག་ལས་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ དར་ཁྱབ་གཏང་ནིའི་དོན་ལུ་ ཐབས་ཤེས་དང་རིག་རྩལ་གསརཔ་ཚུ་ བཏོན་དོ་ཡོདཔ་ཨིན་པས།
དཔལ་འབྲུག་ཞིབ་འཇུག་ལྟེ་བ་གིས་ གནས་ཚུལ་གསར་བཏོན་འབད་མི་དང་འཁྲིལ་བ་ཅིན་ རྒྱ་གར་འཕགས་པའི་ཡུལ་ལུ་ མིའི་སྐྱེ་རབས་འགོ་བཙུགས་མི་དང་འབྲེལ་ ནང་པའི་ཆོས་ཡང་ འགོ་བཙུགས་ནི་དེ་གིས་ ནང་པའི་ཆོས་ཀྱིས་ རྒྱ་གར་གྱི་ ངོ་རྟགས་སྟོན་ནི་ལུ་ ཕན་ཐོགས་སྦོམ་བྱུངམ་མ་ཚད་ ཤུལ་ལས་ ཧི་མ་ལ་ཡ་ལུང་ཕྱོགས་དེ་ནང་ ནང་པའི་ཆོས་དེ་ དར་ཁྱབ་སོང་ནི་དེ་གིས་ ད་རེས་ རྒྱལ་ཁབ་ཚུ་ ཞི་བདེ་གནས་ནི་ལུ་ ཕན་ཐོགས་བྱུང་སྟེ་ཡོད་ཟེར་ཨིན་པས།
འབྲུག་ལུ་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དེ་ དུས་རབས་༦ པ་དེ་ཅིག་ལས་ འབྱུང་ནི་འགོ་བཙུགས་དོ་བཟུམ་ཅིག་ཨིན་རུང་ དུས་རབས་༨ པའི་ནང་ སངས་རྒྱས་གཉིས་པ་ ཨྱོན་གུ་རུ་རིན་པོ་ཆེ་གིས་ ཞབས་ཀྱིས་བཅགས་གནང་ཐོག་ལས་ རྒྱལ་ཁབ་ཀྱི་ ས་རྡོ་རི་བྲག་ག་ར་ བྱིན་གྱིས་བརླབས་གནང་པའི་ཤུལ་ལས་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་དེ་ དར་ཁྱབ་སོང་ནུག་ཟེར་ཨིན་པས།
དེ་ཁར་འཛོམས་མི་ཚུ་གིས་ སླབ་མིའི་ནང་ ད་རེས་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ སྤུ་ཙམ་ཡང་ མ་ཉམས་པར་ཡོད་མི་དེ་ འབྲུག་རྒྱལ་ཁབ་རྐྱངམ་གཅིག་ཨིནམ་མ་ཚད་ ཆོས་དེ་ཡང་ ལོ་བསྟར་བཞིན་དུ་ གོང་ནས་གོང་དུ་འཕེལ་ནི་དེ་གིས་ ཕྱིའི་རྒྱལ་ཁབ་ལེ་ཤ་ཅིག་ལས་ གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ ཉམས་སུ་ལེན་ནི་དང་ ལྷབ་ནི་ལུ་ སྤྲོ་བ་ཡོད་མི་ཚུ་ རྒྱལ་ཁབ་ནང་ འོང་དོ་ཡོདཔ་ཨིན་པས།
ཞལ་འཛོམས་ཀྱི་སྐབས་ རྒྱལ་ཁབ་༣༠ ལྷགཔ་ཅིག་ལས་ ནང་པའི་མཁས་པ་༢༥༠ དེ་ཅིག་གིས་ བཅའ་མར་གཏོགས་ཐོག་ལས་ གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་ལས་ བཤད་པ་རྐྱབ་ནི་དང་ གསང་སྔགས་རྡོ་རྗེ་ཐེག་པའི་བྱུང་རབས་ དེ་ལས་ ཉམས་སུ་ལེན་ཐངས་ལ་སོགས་པའི་སྐོར་ལས་ གསལ་བཀོད་འབད་དོ་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ སྤྱི་ཟླ་༣ པའི་ཚེས་༢༧ ལས་ འགོ་བཙུགས་ཡོདཔ་ད་ ཁ་ཙ་ ཞལ་འཛོམས་ཀྱི་སྐབས་ མཁས་དབང་མང་ཤོས་ཅིག་གིས་ གསལ་བཤད་འབད་མིའི་གྲས་ལས་ ཇ་པཱན་གྱི་ ཊོ་ཀེའོ་གཙུག་ལག་སློབ་སྡེའི་མཁས་དབང་ ཌོག་ཊར་སི་ཇི་ ཀུ་མ་གའི་གིས་ བདོ་ར་ལུང་ལུ་ འགྲོ་བའི་མགོན་པོ་གཙང་པ་རྒྱ་རས་ཀྱི་ ལོ་རྒྱུས་དང་ ཡུ་ཀེ་གི་ གཙུག་ལག་སློབ་སྡེའི་མཁས་དབང་ ཌོག་ཊར་ཨའིན་ བ་ཀར་གྱིས་ དཀྱིལ་འཁོར་གྱི་སྐོར་ལས་ བཤད་པ་རྐྱབ་ཡོདཔ་ད་ ཞལ་འཛོམས་དེ་ སྤྱི་ཟླ་༣ པའི་ཚེས་༣༠ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།

བསྟན་འཛིན་རྣམ་རྒྱལ།

 

About admin

Check Also

ཟ་ཆས་ཉེན་སྲུང་ཆོག་ཐམ་མེད་པར་ ཀེ་བ་དོས་འབག་མི་ཊག་ རྒྱ་གར་ལུ་ བཀག་བཞག་ཡོདཔ།

༉ རྒྱ་གར་གྱི་ ཅ་དམ་འགོ་དཔོན་ཚུ་གིས་ ཟ་ཆས་ཉེན་སྲུང་གི་ ཆོག་ཐམ་མེད་པར་ ཀེ་བ་སྐྱེལ་འདྲེན་འབད་མི་ སྣུམ་འཁོར་ཊག་ཚུ་ བཀག་བཟུང་འབད་དོ་ཡོདཔ་ལས་ བསམ་གྲུབ་ལྗོངས་མཁར་ལུ་ ཀེ་བ་ཕྱིར་ཚོང་འཐབ་མི་དང་ རིན་བསྡུར་འབད་མི་ཚུ་ལུ་ ཀེ་བ་ཕྱིར་ཚོང་འཐབ་ནིའི་ནང་ གདོང་ལེན་བྱུང་དོ་ཡོདཔ་ཨིན་པས། ཀུན་དགའ་དོན་གྲུབ་ནང་འདྲེན་དང་ ཕྱིར་ཚོང་གི་ཇོ་བདག་ …

Leave a Reply

Your email address will not be published. Required fields are marked *