༉ ཁ་ཙ་ ཉིན་གྲངས་༣ འབད་མི་ རྫོང་ཁའི་གྲོས་ཚོགས་མཇུག་བསྡུ་བའི་སྐབས་ ནང་སྲིད་དང་སྲོལ་འཛིན་བློན་པོ་ ཟླ་བ་རྒྱལ་མཚན་གྱིས་ གྲོས་ཚོགས་ནང་ལས་ གྲོས་བཅུད་བཏོན་མི་ཚུ་ འཆར་གཞི་༡༢ པའི་ གཞུང་སྐྱོང་མཆོག་འགྱུར་ནང་ བཙུགས་ཚུགས་པ་ཅིན་ མ་འོངས་པ་ལུ་ རྫོང་ཁ་གོང་འཕེལ་དང་ དར་ཁྱབ་གཏང་ནི་ལུ་ ཕན་ཁྱད་འབྱུང་ཚུགས་ནི་མས་ཟེར་ཨིན་པས།
དེ་ཡང་ ཤེས་རིག་དང་གཙུག་ལག་ཤེས་ཡོན་དང་ ལྷན་ཁག་དང་ལས་སྡེ་ དེ་ལས་ བརྡ་བརྒྱུདཔ་ཚུ་གིས་ གྲོས་བསྡུར་རྒྱས་པར་གནང་སྟེ་ ཕུལ་ཡོད་པའི་ གྲོས་འདེབས་དང་བསྟུན་ཨིནམ་ད་ བློན་པོ་གིས་འབད་བ་ཅིན་ གྲོས་འདེབས་དང་ ཐབས་རིག་བཏོན་མི་ཚུ་ མ་འོངས་པ་ལུ་ གྲུབ་འབྲས་ག་དེ་སྦེ་ འཐོན་ཚུགས་གའི་ ཐབས་ལམ་ཚུ་ཡང་ བལྟ་དགོཔ་ཁག་ཆེ་ཟེར་ཨིན་པས།
བློན་པོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གྲུབ་འབྲས་ཀྱི་ཐབས་ལམ་ཚུ་བཏོན་པ་ཅིན་ གྲུབ་འབྲས་ག་དེ་སྦེ་ ཐོན་ཡི་ག་དང་ མ་འཐོན་པར་ཡོད་པ་ཅིན་ ག་ཏེ་ལུ་ ག་གིས་ འཐུས་ཤོར་བྱུང་ཡོདཔ་ཨིན་ནའི་ ཞིབ་དཔྱད་འབད་ཚུགས་པའི་ གོ་སྐབས་ཡོདཔ་ལས་ ཕན་ཐོགས་ཡོད་ཟེར་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ རྫོང་ཁ་ལག་ལེན་དང་ དར་ཁྱབ་གཏང་ནིའི་དོན་ལུ་ ཐབས་ལམ་གཙོ་བོ་དེ་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ལྷན་ཁག་༡༠ དང་ རྫོང་ཁག་༢༠ དེ་ལས་ རྒེད་འོག་༢༠༥ དང་གཅིག་ཁར་ འཆར་གཞི་༡༢ པའི་ གཞུང་སྐྱོང་མཆོག་འགྱུར་ནང་ བཙུགས་ནི་དེ་ཨིནམ་ད་ གྲོས་འདེབས་གཞན་ཚུ་གི་དོན་ལུ་ཡང་ ཁྱབ་བསྒྲགས་དང་ བཀའ་ཤོག་ཚུ་ བྱིན་དགོ་ཟེར་ཨིན་པས།
བློན་པོ་གིས་འབད་བ་ཅིན་ ནང་སྲིད་ལྷན་ཁག་གི་ཁ་ཐུག་ལས་ རྫོང་ཁག་ག་རའི་ནང་ སྲོལ་འཛིན་འགོ་དཔོན་རེ་ བཙུགས་ཏེ་ཡོད་རུང་ འགོ་དཔོན་ཚུ་གིས་ བཅའ་སྒྲིག་ལ་སོགས་པའི་ ལཱ་ཚུ་ཡང་ འབད་དགོཔ་ལས་ ལམ་སྲོལ་ལུ་ གཙོ་བོར་བཏོན་མ་ཚུགས་མི་ལུ་བརྟེན་ བཅའ་སྒྲིག་འགོ་དཔོན་རེ་ གཏང་ཐབས་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ གསོལཝ་བཏབ་དོ་ཟེར་ཨིན་པས།
དེ་བཟུམ་སྦེ་ རྒྱལ་གཞུང་འཆམ་དང་ཟློས་གར་སློབ་སྡེ་དང་ མཉམ་འབྲེལ་ཐོག་ལས་ སློབ་གྲྭ་ཚུ་ནང་ ལམ་སྲོལ་དང་ ཞབས་ཁྲ་ལ་སོགས་པ་ཚུ་ སྟོན་ནིའི་དོན་ལུ་ རྫོང་ཁའི་སློབ་དཔོན་དང་ སྲོལ་འཛིན་འགོ་དཔོན་ཚུ་གི་ ལས་རོགསཔ་སྦེ་གཏང་ནིའི་ དཔའ་བཅམ་དོ་ཟེར་ བློན་པོ་གིས་ བཤདཔ་ཨིན་པས།
བློན་པོ་གིས་ བཤད་མིའི་ནང་ ད་རེས་ རྫོང་ཁའི་མཁས་མཆོག་ཚུ་གིས་ གྲོས་བསྡུར་རྒྱས་པར་གནང་སྟེ་ གྲོས་འདེབས་དང་ ཐབས་རིག་ཚུ་ བཏོན་གནང་མི་དེ་གིས་ རྫོང་ཁ་གོང་འཕེལ་ལྷན་ཚོགས་དང་ བཀོད་ཚོགས་ནང་ ལཱ་འབད་མི་ཚུ་ལུ་ སྟབས་བདེ་ཏོག་ཏོ་ འབྱུང་ནི་མས་ཟེར་ཨིན་པས།
དྲུང་ཆེན་ ཚེ་དབང་ནོར་བུ་གིས་ ད་རེས་ཀྱི་ གྲོས་ཚོགས་ནང་ བཅའ་མར་གཏོགས་མི་ཚུ་གིས་ རྫོང་ཁ་ལག་ལེན་གྱི་ དཀའ་ངལ་ཚུ་ ངོས་འཛིན་འབད་དེ་ དེ་ཚུ་གི་ གདོང་ལེན་གྱི་དོན་ལུ་ ཐབས་ལམ་ཚུ་ཡང་ བཏོན་གནང་མི་ལུ་བརྟེན་ གྲུབ་འབྲས་ཅན་ཅིག་སྦེ་ བྱུང་ཡི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གྲོས་ཚོགས་ཀྱི་ འཐུས་མི་ཚུ་གིས་ཕུལ་མི་ གྲོས་འདེབས་ལ་ལོ་ཅིག་ རྫོང་ཁ་གོང་འཕེལ་ལྷན་ཚོགས་ཀྱིས་ ལག་ལེན་འཐབ་པའི་བསྒང་ཡོདཔ་ད་ གྲོས་འདེབས་ལ་ལོ་ཅིག་ ལྷན་ཚོགས་ཀྱིས་ བསྟར་སྤྱོད་ཐོག་ལས་ ཕྱག་ཞུ་ནི་ཟེར་ ཨིན་པའི་གནས་ཚུལ།
སྐལ་བཟང་དབང་ཕྱུག།