༉ བཀྲིས་སྒང་ བར་མཚམས་རྒེད་འོག་གི་ སོ་ནམ་པ་ བརྒྱ་ཆ་༥༠ དེ་ཅིག་གིས་ སླབ་མིའི་ནང་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་ སོང་མི་ལུ་བརྟེན་ གཡུས་སྒོའི་ནང་ ལས་མི་མ་ལང་པའི་ དཀའ་ངལ་བྱུང་མི་གིས་ སོ་ནམ་པ་ཚུ་ལུ་ གདོང་ལེན་སྦོམ་ཤོས་ཅིག་སྦེ་ཡོདཔ་ཨིན་པས།
དེ་ཡང་ ཤེས་རབ་རྩེ་ མཐོ་རིམ་སློབ་གྲྭའི་ལེགས་སྦྱར་བ་ བཀྲིས་རྡོ་རྗེ་གིས་ ཞིབ་འཇུག་འབད་མི་དང་འཁྲིལ་ཏེ་ཨིནམ་ད་ བཀྲིས་སྒང་ བར་མཚམས་རྒེད་འོག་ནང་ མི་རློབས་༡,༧༨༨ ཡོད་པའི་གུ་ ཁྱིམ་གུང་༤༤༠ ཡོདཔ་ཨིན་པས།
བཀྲིས་རྡོ་རྗེ་གིས་ སླབ་མིའི་ནང་ བར་མཚམས་རྒེད་འོག་དེ་ ད་རེས་ནངས་པར་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མི་ཡོངས་གྲགས་ཅིག་ལུ་ གྱུར་ཡོད་ཟེར་ཨིན་པས།
རྒེད་འོག་གི་ གནས་སྡུད་དང་འཁྲིལཝ་ད་ གཡུས་མང་ཤོས་ཅིག་ནང་ གུང་སྟོང་ཐོན་ཡོདཔ་ད་ མུག་བཏང་མཁར་དང་ བཀྲ་ཤིས་གཡང་ སྤྱི་འོག་གཉིས་ནང་ འབད་བ་ཅིན་ ཁྱིམ་གནོད་སྐྱོན་ཞུགས་མི་དག་པ་ཅིག་དང་ ལོ་ཐོག་མ་བཏབ་པར་ ཞིང་སྟོང་བཞག་མི་ཚུ་ཡོདཔ་ཨིན་པས།
མི་སེར་ཚུ་གི་དོན་ལུ་ ལོ་ཐོག་གཙོ་བོ་ཅིག་ ཆུམ་དང་ གེ་ཟ་ཨིན་པའི་ཁར་ ཨེ་མ་དང་ ཀེ་བའི་ཐོན་སྐྱེད་དེ་ ཁོང་གི་ དངུལ་ཐོག་གི་ འོང་འབབ་གཙོ་བོ་ཅིག་ཨིནམ་ལས་ སྤྱི་ལོ༢༠༡༥-༢༠༡༧ ཚུན་ལུ་ རྒེད་འོག་གི་ རྒྱུན་སྐྱོང་གནས་སྡུད་དང་འཁྲིལཝ་ད་ ལོ་ཐོག་ཐོན་སྐྱེད་ ཡར་རྒྱས་སོང་སྟེ་འདུང་ཟེར་ཨིན་པས།
བཀྲིས་རྡོ་རྗེ་གིས་ འབད་བ་ཅིན་ བར་མཚམས་རྒེད་འོག་ནང་ སྤྱི་ལོ་༢༠༡༦ ལུ་ གེ་ཟ་ཐོན་སྐྱེད་ ཊོན༨༤༡.༥ བསྡུ་གསོག་འབད་བའི་ཁར་ སྤྱི་ལོ༢༠༡༧ ལུ་ ཊོན་༡,༢༥༧.༩ ལུ་ ཡར་སེང་སོང་ཡོདཔ་ད་ ཆུམ་གྱི་ཐོན་སྐྱེད་ཡང་ སྤྱི་ལོ་༢༠༡༦ ལུ་ ཊོན་༣༡༥ ལས་ སྤྱི་ལོ་༢༠༡༧ ལུ་ ཊཱན་༣༧༦.༢ ལུ་ ཡར་སེང་སོང་ཡོདཔ་ཨིན་པས།
བར་མཚམས་རྒེད་འོག་ནང་ ས་ཞིང་ཡོངས་བསྡོམས་ བརྒྱ་ཆ་༧.༥༤ དེ་ཅིག་ ལཱ་མ་འབད་བར་ ཞིང་སྟོང་ལུས་ཡོད་མི་དེ་ཡང་ བཀྲིས་རྡོ་རྗེ་གིས་ འབད་བ་ཅིན་ གཡུས་སྒོའི་ནང་ ལས་མི་མ་ལང་པའི་ དཀའ་ངལ་དང་ གནད་དོན་བཞན་ཚུ་ལུ་བརྟེན་ རྒེད་འོག་ནང་ དངུལ་ཀྲམ་ས་ཡ་༤.༦ བཟོ་ཚུགས་པའི་ འོས་འབབ་ཡོད་རུང་ འབད་མ་ཚུགས་པར་ ལུས་སོ་ནུག་ཟེར་ཨིན་པས།
ཁྲོམ་ཁར་གནས་སྤོ་སོང་མི་ལུ་བརྟེན་ གེ་ཟ་དང་ ཆུམ་གྱི་ཐོན་སྐྱེད་ དངུལ་ཀྲམ་ས་ཡ༢.༡ དང་༢.༥ དེ་ཅིག་གི་བརྩིས་ གྱོང་རྒུད་ཕོག་སྟེ་ཡོདཔ་ཨིན་པས།
ཞིབ་འཚོལ་སྙན་ཞུ་དང་ འཁྲིལ་བ་ཅིན་ གནས་སྤོ་སོང་མི་ཚུ་གིས་ གཡུས་སྒོའི་ནང་ མ་དངུལ་དང་ མཁོ་ཆས་ཀྱི་ཐོག་ལས་ རྒྱབ་སྐྱོར་འབད་དོ་ཡོདཔ་བཞིན་དུ་ འདས་པའི་ཟླཝ་༡༢ ཀྱི་ནང་འཁོད་ལུ་ མ་དངུལ་ས་ཡ་༡.༤ དེ་ཅིག་ ཐོབ་ཡོདཔ་ཨིན་པས།
ད་ཚུན་ ཁྲོམ་སྡེ་ལས་ བཏང་མིའི་མ་དངུལ་དང་ རྒྱུ་དངོས་མང་ཤོས་ར་ གྱོན་ཆས་གོ་ལ་དང་ བཟའ་འཐུང་གི་རིགས་ དེ་ལས་ དངུལ་རྐྱང་ས་ཡ་༠.༤༩ ཐོབ་ཡོདཔ་ཨིན་པས།
ཁྲོམ་ཁ་ལས་ སྐྱེལ་མིའི་མ་དངུལ་ཚུ་ སྐྱིན་འགྲུལ་བཏབ་ནི་དང་ ཚོང་ལཱ་གསརཔ་འགོ་བཙུགས་ནི་ ལས་མིའི་གླ་ཆ་སྤྲོད་ནི་ ཁྱིམ་གསརཔ་རྐྱབ་ནི་ དེ་ལས་ ཨ་ལོའི་ཤེས་ཡོན་གྱི་དོན་ལུ་ ཟད་འགྲོ་བཏང་དོ་ཡོདཔ་ཨིན་པས།
ཞིབ་འཇུག་དང་འཁྲིལཝ་ད་ གནས་སྤོ་སོང་མི་གིས་ གྱོང་རྒུད་དངུལ་ཀྲམ་ས་ཡ་༤.༦ ཕོགཔ་ཨིན་རུང་ བཀྲིས་རྡོ་རྗེ་གིས་ འབད་བ་ཅིན་ དམིགས་ཚད་དང་འཁྲིལཝ་ད་ གྱོང་རྒུད་དངུལ་ཀྲམ་ས་ཡ་༣.༢ དེ་ཅིག་ ཕོག་འོང་ཟེར་ཨིན་པས།
ད་ལྟོའི་གནས་སྟངས་ནང་བཟུམ་སྦེ་ གནས་སྤོ་འགྱོ་མི་ འཕྲོ་མཐུད་དེ་ར་སྡོད་པ་ཅིན་ རྒེད་འོག་གི་ མི་སེར་ཚུ་ལུ་ སོ་ནམ་ཐོན་སྐྱེད་ཀྱི་ གྱོང་རྒུད་སྦོམ་ཕོག་འོང་ཟེར་ཨིན་པའི་གནས་ཚུལ།
རྣམ་རྒྱལ་དབང་མོ་དང་ ཕུར་པ་ལྷ་མོ།