༉ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མི་དེ་ རྒྱལ་ཁབ་ནང་ ཚ་གྱང་ལང་དགོ་པའི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ མི་མང་ཤོས་ཅིག་གིས་ ཁྲོམ་སྡེ་༤ དང་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ གནས་སྤོ་འགྱོ་དོ་ཡོདཔ་ད་ དེ་ཡང་ ཕུན་ཚོགས་གླིང་དང་ ཐིམ་ཕུག་ཁྲོམ་སྡེ་ནང་འོང་དོ་ཡོདཔ་ཨིན་པས།
ཐིམ་ཕུག་ཁྲོམ་ནང་འབད་བ་ཅིན་ མི་གྲངས་༤༨,༢༡༤ དེ་ཅིག་ གནས་སྤོ་འོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ཁྲོམ་གྱི་ཁྱིམ་གུང་༤༣,༣༩༠ དང་ གྲོང་གསེབ་ཀྱི་གུང་པ་༨༧,༨༠༤ འབདཝ་ད་ བསྡོམས་ཀྱིས་ཁྱིམ་གུང་༡༣༡,༡༩༤ ཡོད་ས་ལས་ གྲོང་གསེབ་ཀྱི་ཁྱིམ་གུང་༣,༠༩༥ དང་ ཁྲོམ་ཁར་ཁྱིམ་གུང་༤,༠༣༠ ཀྱི་ ཞིབ་འཚོལ་འབད་བའི་སྐབས་ བརྒྱ་ཆ་༢༡.༤ གྱིས་ གནས་སྤོ་འོང་བའི་མངོན་གསལ་བྱུང་ཡོདཔ་ད་ དེའི་ནང་ལས་ གྲོང་གསེབ་ལས་ གྲོང་གསེབ་གཞན་ཁར་ གནས་སྤོ་འགྱོ་མི་ བརྒྱ་ཆ་༣.༢ དང་ གྲོང་གསེབ་ལས་ ཁྲོམ་ཁར་གནས་སྤོ་འགྱོ་མི་ བརྒྱ་ཆ་༡༨.༢ ཨིན་པས།
གནས་སྤོ་འགྱོ་དགོ་པའི་ གནད་དོན་ཚུ་ཡང་ གྲོང་གསེབ་ནང་ ལཱ་གཡོག་མེད་པའི་དཀའ་ངལ་དང་ གཞི་རྟེན་མཐུན་རྐྱེན་མེད་མི་ ས་ལངམ་མེད་མི་དང་འབྲེལ་བའི་དཀའ་ངལ་ གཉེན་རྐྱབ་སྟེ་འགྱོ་མི་ ཚོང་ལཱ་ སློབ་གྲྭ་ཚུ་ནང་ཤེས་ཡོན་སྦྱང་ནི་ ཨ་ལོ་དང་སྤུན་ཆུ་ཚུ་ལུ་བརྟེན་སྡོད་ནི་ དེ་ལས་ ཆོས་ཕྱོགས་ཀྱི་ལས་རིམ་ལུ་བརྟེན་ འོང་འབབ་ཀྱི་གོ་སྐབས་ཚུ་ ངོས་འཛིན་འབད་ཡོདཔ་ཨིན་པས།
ཞིབ་འཚོལ་སྙན་ཞུ་དང་འཁྲིལཝ་ད་ གནས་སྤོ་སྟེ་ ལོ་༡ གི་འོག་རྒྱུ་འབད་མི་ བརྒྱ་ཆ་༨.༧ དང་ ལོ་༡ དང་༥ གི་བར་ན་འབད་མི་ བརྒྱ་ཆ་༢༣.༤ དེ་ལས་ མཐོ་ཤོས་ལོ་༦ དང་༡༥ གི་བར་ན་འབད་མི་ བརྒྱ་ཆ་༤༠.༥ དེ་ལས་ ལོ་༡༦ དང་༢༥ བར་ན་འབད་མི་ བརྒྱ་ཆ་༢༠.༤ དེ་ལས་ ལོ་༢༥ ཡན་ཆད་འབད་མི་བརྒྱ་ཆ་༦.༡ ཨིན་པས།
གནས་སྤོ་འགྱོ་མི་ རྫོང་ཁག་ཚུ་གི་གྲས་ལས་ རྫོང་ཁག་གི་གནས་ཚད་ནང་ མཐོ་ཤོས་ལྷུན་རྩེ་ལུ་བརྒྱ་ཆ་༨༨༤ དང་ དེ་གི་ཤུལ་ལས་ བཀྲ་ཤིས་སྒང་ལུ་བརྒྱ་ཆ་༧༤.༡ དེ་ལས་ མགར་ས་ལུ་༦༥.༤ ཨིན་རུང་ རྒྱལ་ཡོངས་ཀྱི་གནས་ཚད་ནང་ བཀྲ་ཤིས་སྒང་ལུ་བརྒྱ་ཆ་༡༡.༩ ཡོད་མི་དེ་ མཐོ་ཤོས་ཨིན་པས།
གནས་སྤོ་འགྱོ་མི་ལུ་བརྟེན་ གྲོང་གསེབ་ནང་ ལས་མི་མ་ལང་པའི་དཀའ་ངལ་ཡོད་རུང་ ཕན་པ་དེ་ གནས་སྤོ་འོང་མི་ཚུ་གིས་ རང་གི་མི་ཚན་ལུ་ སྡོད་ས་དང་ བཟའ་འཐུང་ ཤེས་ཡོན་སྦྱང་ནི་ལུ་ རྒྱབ་སྐྱོར་འབད་དོ་ཡོདཔ་ཨིན་པས།
ཨིན་རུང་ ལ་ལོ་ཅིག་གིས་ སོ་ནམ་ཞིང་ལཱ་འབད་ནི་དང་ མཐུན་རྐྱེན་དང་ཞབས་ཏོག་ གོང་འཕེལ་སོང་ཡོད་མི་ ལཱ་གཡོག་ལས་དགོངས་ཞུ་ གཡུས་ཁར་མི་རྒས་ཤོས་ཚུ་བལྟ་ནི་ གྲོང་གསེབ་ནང་ སེམས་བག་ཕེབས་ཏོག་ཏོ་ཡོད་མི་དང་ ཁྲོམ་ཁར་སྡོད་མ་ཚུགས་པའི་གནད་ལུ་བརྟེན་ ལོག་གཡུས་ཁར་འོང་དོ་ཡོདཔ་ཨིན་པས།
བདུན་ཕྲག་འདི་ནང་ རྒྱལ་ས་ལུ་ གྲོང་གསེབ་མི་སྡེ་ གལ་གནད་ཅན་བཟོ་ནིའི་ གྲོས་འཛོམས་ཅིག་ འཚོགས་པའི་སྐབས་ སོ་ནམ་དང་ནགས་ཚལ་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ གྲོང་གསེབ་ནང་སྡོད་ནི་ལུ་ སེམས་ཤུགས་བསྐྱེད་བཅུག་ཐབས་ལུ་ བཟའ་འཐུང་གི་ རང་མགོ་རང་འདྲོངས་བཟོ་ནི་དང་ ཡུན་བརྟན་ཅན་གྱི་ས་གཞི་འཛིན་སྐྱོང་ འཐུང་ཆུ་དང་ཞིང་ཆུ་འཛིན་སྐྱོང་ མི་དང་རི་དྭགས་སེམས་ཅན་བར་ནའི་ བྲེལ་ཟིང་གི་འཛིན་སྐྱོང་ འཕྲུལ་རིག་ལྡན་པའི་ཞིང་ལཱ་ དེ་ལས་ ཚོང་ལམ་བཟང་ནིའི་ཐབས་ཤེས་ཚུ་ ལྷན་ཁག་གིས་ གཙོ་རིམ་སྒྲིག་སྟེ་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།
ཚེ་རིང་རྣམ་རྒྱལ།